ཨ་མི་རི་ཀའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བསྐྱར་དུ་ངོ་སྤྲོད་གནང་འདུག

2023.02.08
ཨ་མི་རི་ཀའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བསྐྱར་དུ་ངོ་སྤྲོད་གནང་འདུག ཨ་རིའི་གྲོས་ཚོགས་ཁང་ཆེན་དང་བོད་ཀྱི་རྒྱལ་དར།
ICT

རྒྱ་ནག་གཞུང་གིས་བོད་དོན་དཀའ་རྙོག་དེ་བཞིན་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་དགོས་པ་དང་། དེར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་སྲིད་ཇུས་ཤུགས་ཆེ་རུ་གཏོང་ཐབས་སུ་ཨ་རིའི་གྲོས་ཚོགས་ནང་འདི་ཚེས་༨ཉིན་ཁྲིམས་འཆར་ཞིག་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་ལགས་དང་། འཐུས་མི་(Michael McCaul)་ལགས། གྲོས་ཚོགས་གོང་མའི་འཐུས་མི་(Jeff Merkley)་ལགས། འཐུས་མི་(Todd Young)་ལགས་བཅས་ཀྱིས་བསྐྱར་དུ་ངོ་སྤྲོད་གནང་འདུག
དེ་ཡང་བོད་རྒྱའི་དཀའ་རྙོག་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དང་། ཕྱོགས་གཉིས་བར་གྲོས་མོལ་ཡོང་ཐབས་སུ་ཨ་རིའི་གཞུང་གི་སྲིད་བྱུས་ནུས་ཤུགས་ཆེ་རུ་གཏོང་ཐབས་
ལ་དམིགས་པའི་ཁྲིམས་འཆར་དེའི་ནང་། རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཐོག་ནས་ད་བར་བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པ་དེ་སེལ་ཐབས་སུ། ཨ་རིས་སྲིད་ཇུས་འཛིན་དགོས་པ་དང་། ཕྱི་ལོ་༢༠༡༠ནས་བཟུང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་བར་གྲོས་མོལ་གནང་མཚམས་ཆད་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་གྲོས་མོལ་མུ་མཐུད་དུ་མ་བྱུང་བའི་རྒྱུ་མཚན་༧གོང་ས་ཏཱ་ལའི་བླ་མ་ཡིན་ཁུལ་བརྗོད་དེ་རྒྱུ་མཚན་མེད་པའི་དགོས་འདུན་བཏོན་བཞིན་ཡོད་པ་འབྲེལ་ཡོད་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Jim McGovern)་གི་ལས་ཁུངས་ནས་གསར་འགོད་གསལ་བསྒྲགས་སྤེལ་གནང་འདུག
ཁྲིམས་འཆར་བཏོན་གནང་མཁན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་ ལགས་ཀྱིས། རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཐོག་ནས་བོད་མི་ཚོའི་ཐོབ་ཐང་ལ་གུས་བརྩི་ཞུ་རྒྱུ་ནི་འོས་ཤིང་འཚམས་པ་ཞིག་རེད་ལ། ད་བར་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲད་མེད་པ་རེད་ཅེས་གསུངས་འདུག
དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་(McCaul)་ལགས་ཀྱིས། རྒྱ་ནག་གཞུང་གིས་མུ་མཐུད་ནས་བོད་མིར་གཉའ་གནོན་གཏོང་གི་ཡོད་པ་དང་། བོད་ནང་བོད་མིའི་ཐོག་རྒྱུན་དུ་དོགས་སྲུང་བྱ་ར་དང་ཞིབ་བཤེར་བྱ་བཞིན་པ་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་རང་དབང་སྐོར་བཤད་
མཁན་བོད་མི་རྣམས་གང་བྱུང་བསད་པ་དང་བཙོན་བཅུག་བྱེད་པ་སོགས་བྱེད་ཀྱི་ཡོད་སྟབས། ངས་ཆབ་སྲིད་ཀྱི་ཚོགས་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཁྲིམས་འཆར་དེ་ངོ་སྤྲོད་བྱ་རྒྱུ་བྱུང་བར་སྤོབས་པ་ཆེན་པོ་ཡོད་ཅེས་གསུངས་འདུག
ཉིན་འདི་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཆེད་ཕེབས་ཀྱིས། ཨ་རིའི་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་གནད་ཡོད་མང་དག་ཞིག་དང་མཇལ་མོལ་གནང་ནས། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ལ་འཐུས་མི་རྣམ་པའི་རྒྱབ་སྐྱོར་འཚོལ་ཐབས་དང་། བོད་དོན་ཞུ་སྐུལ་གནང་བཞིན་པའི་སྐབས་འདིར་གྲོས་ཚོགས་ནང་ཁྲིམས་འཆར་དེ་ངོ་སྤྲོད་བྱུང་ཡོད་པ་རེད།


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎