ཨ་རིས་བོད་ནང་གི་དཀའ་རྙོག་གྲོས་མོལ་ཐོག་ནས་སེལ་ཐབས་ཡོད་པ་གསུངས་བ།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་གཞོན་གྱིས་བོད་ནང་གི་དཀའ་རྙོག་༧གོང་ས་མཆོག་དང་རྒྱ་ནག་གཞུང་བར་གྲོས་མོལ་ལས་འདས་པའི་ཐབས་ལམ་མེད་པ་གསུངས་འདུག

༄༅༎ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་གཞོན་ པའུ་ལྰ་ ཌོབྷི་རན་ས྄ཀི་ ཡིས་ཨ་མི་རི་ཀའི་གཞུང་གིས་དེ་སྔོན་ནས་ཞུ་བསྐུལ་གནང་བ་བཞིན་བོད་ཀྱི་ དཀའ་རྙོག་སེལ་རྒྱུར་བོད་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་བར་གྲོས་མོལ་གྱི་ལམ་ནས་སེལ་རྒྱུ་ལས་ཐབས་ལམ་འདས་མེད་སྐོར་གསུངས་འདུག ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་གཞོན་་ པའུ་ལྰ་ ཌོབྷི་རན་ས྄ཀི་་ ཡིས་༧གོང་ས་མཆོག་ནི་བོད་མི་ཚོས་དྲག་པོའི་ཐབས་ལམ་བེད་སྤྱོད་མི་བྱེད་པའི་ཤུཊ་རྐྱེན་དང་ཕན་ནུས་ལྡན་ཞིང་བོད་མི་རྣམས་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་པའི་རང་སྐྱོངས་ཀྱི་གནས་བབས་ངོ་མ་ཞིག་སོན་ཐུབ་མཁན་གྱི་གང་ཟག་ཅིག་ཤོས་དེ་རེད་ཅེས་གསུངས་འདུག ཡང་ཁོང་གིས་རྒྱ་ནག་གིས་བོད་མི་རྣམས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཐོག་དྲག་གནོན་བྱ་རྒྱུ་དེ་མཚམས་འཇོག་དང་ཞི་བའི་ཐོག་སྨྲ་བརྗོད་ཀྱི་རང་དབང་སྤྱོད་མཁན་རྣམས་འཛིན་བཟུང་དོ་དམ་ནས་གློད་འགྲོལ་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། ཉེ་ལམ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་དང་ཕྱི་འབྲེལ་དཔོན་རིགས་ཁག་ཅིག་བོད་ནང་བསྐྱོད་རྒྱུའི་གོ་སྒྲིག་གནང་ཡང་ད་དུང་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཕྱི་འབྲེལ་དཔོན་རིགས་རྣམས་དམ་དྲག་གང་ཡང་མེད་པའི་ཐོག་བསྐྱོད་ཆོག་པ་གནང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། གོང་ཞུས་བཀའ་མོལ་དེ་དག་ཨ་རིའི་གྲཊ་ཅན་གསར་ཤོག ཝཤིན་ཊོན་ པོསྚ་ ཞེས་པས་བཅར་འདྲི་ཞུ་སྐབས་བཀའ་མོལ་གནང་བ་ཞིག་ཡིན་པ་དང་ཁོང་ད་རིང་རེས་གཟའ་ཟླ་བའི་ཉིན་་ མིཤི་གྷན་དུ་ཆེད་བསྐྱོད་གནང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆོན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག།