སྐད་འཕྲིན་སྤྱོད་བདེ་ལ་མ་གཟིགས་པར་བདེ་འཇགས་ལ་གཟིགས་གལ་ཆེ། ཉམས་ཞིབ་པས།
2019.07.17
བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་སྟབས་བདེ་ཁོ་ནའི་ཆེད་དང་གཙོ་བོ་ཐབས་ལམ་གཞན་མེད་པའི་ཉེན་ཁའི་འོག་རྒྱ་ནག་གིས་བཟོས་པའི་སྐད་འཕྲིན་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་བོད་རིགས་ཉམས་ཞིབ་པ་ཞིག་གིས་བརྗོད་འདུག
སྐད་འཕྲིན་ནམ་འཕྲིན་ཐུང་(WeChat)་ ཡིས་བོད་མིར་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་སྐོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱའི་བདེ་འཇགས་སོགས་ཀྱི་ཐོག་ཉམས་ཞིབ་གནང་མཁན་བསྟན་འཛིན་ཟླ་ལྷ་ལགས་ཀྱིས་ཞིབ་འཇུག་སྙན་ཐོ་ཞིག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱའི་ཐོག་བཏོན་ཡོད་པའི་ནང་། རྒྱ་ནག་གཞུང་གིས་དྲ་རྒྱའི་ཐོག་ཞིབ་བཤེར་ནན་པོ་བྱེད་མིན་ལ་མ་ལྟོས་པར། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་སྟབས་བདེ་བསྐྲུན་ཐབས་དང་གཙོ་བོ་ཐབས་ལམ་གཞན་མེད་པའི་འོག་རྒྱ་ནག་གི་ཐང་ཤུན་དྲ་རྒྱ་ཚོང་གཉེར་ཁང་གིས་གསར་སྤེལ་བྱས་པའི་སྐད་འཕྲིན་ནམ་འཕྲིན་ཐུང་(weChat)་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་༢༠༡༨ལོར་རྒྱ་གར་གྱི་ས་གནས་གང་ས་ནས་མི་གྲངས་༥༥༠་ཙམ་ལ་བཅར་འདྲི་བྱས་པའི་སྐབས་ཤེས་རྟོགས་བྱུང་བར་བོད་མི་རྒྱ་ཆ་༧༠ལྷག་ཙམ་གྱིས་(Wechat)་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། གཙོ་བོ་བོད་ནང་དང་དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་སྤུན་ཉེ་ཚོ་དང་འབྲེལ་ལམ་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་བོད་ནང་(WeChat)་སྐད་འཕྲིན་བེད་སྤྱོད་བྱ་རྒྱུར་རྒྱ་ནག་གཞུང་གིས་དམ་དྲག་བཀག་སྡོམ་ཧ་ཅང་ནན་པོ་ཡོད་ཅིང་། དྲ་རྒྱའི་ནང་དྲ་གྲོགས་མང་པོ་དང་ཡང་ན་ཕན་ཚུན་ཐུག་ཕྲད་བྱ་རྒྱུ་སོགས་ཀྱི་སྐོར་བཤད་ཚེ་གཞུང་ཕྱོགས་ནས་འཕྲལ་དུ་དོ་བདག་ལ་དྲི་རྩད་བྱེད་ཀྱི་ཡོད་པ་ནི་བོད་ནས་ཡོ་རོབ་ནང་སློབ་གཉེར་བྱེད་པར་སླེབས་པ་ཞིག་གིས་ཁོ་མོས་ད་ཆ་(Wechat)་བེད་སྤྱོད་བྱེད་ཀྱི་མེད་པ་དང་། གང་ཡིན་ཟེར་ན། ཁོ་མོ་བོད་ནང་ཡོད་པའི་སྐབས་སྐད་འཕྲིན་བརྒྱུད་སློབ་གྲོགས་རྙིང་པ་ཁག་ཅིག་མཉམ་དུ་དྲ་གྲོགས་བཟོས་ནས་དེའི་ནང་སློབ་ཕྲུག་སུམ་ཅུ་ཡས་མས་ཤིག་ཡོད་པ་དང་། ཁོ་མོས་སློབ་གྲོགས་ཚོ་ཁོ་མོའི་ཁྱིམ་དུ་གདན་ཞུ་བྱས་པའི་རྗེས་རྒྱ་ནག་གི་ཉེན་རྟོག་པས་ཁོ་མོར་དྲི་རྩད་ནན་པོ་བྱས་པ་དང་འབྲེལ་མ་འོངས་དྲ་གྲོགས་རིགས་ཀྱི་འབྲེལ་བ་བྱེད་ས་བཟོ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག
དེ་བཞིན་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་ཞིབ་འཇུག་གནང་བའི་སྐབས་ཤེས་རྟོགས་བྱུང་བར། སྐད་འཕྲིན་སོགས་དྲ་རྒྱའི་ནང་གནས་ཚུལ་རྫུན་མ་དང་དེ་བཞིན་ཐོ་བཀོད་རྫུན་མ་བྱས་པའི་མི་ཁག་ཅིག་གིས་སྤྱི་ཚོགས་ནང་བདེན་གཏམ་མིན་པའི་གནས་ཚུལ་འགྲེམས་སྤེལ་བྱས་ནས་བོད་པའི་ལས་འགུལ་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་མི་སྣ་ཁག་ཅིག་ལ་གང་བྱུང་སྐྱོན་འཛུགས་བྱེད་པ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད་པ་འགྲེལ་བརྗོད་གནང་འདུག ཁོང་གིས་བོད་མི་ཚོས་སྐད་འཕྲིན་དྲ་ཚིག་གི་སྟབས་བདེ་བསྐྲུན་ཐུབ་པའི་ཁེ་ཕན་བེད་སྤྱོད་བྱེད་པ་དང་ཕྱོགས་མཚུངས་དེས་ངན་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་དེར་ཡང་བོད་མི་ཚོས་ཡིད་ཟབ་གནང་དགོས་པའི་སྐོར་སོགས་བཀོད་འདུག