ནུབ་ཕྱོགས་ཡུལ་གྲུས་བོད་དོན་ཐད་རྒྱ་ནག་ལ་འཛིན་པའི་སྲིད་བྱུས།

བཀའ་ཁྲི་མཆོག་གིས་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་བོད་དོན་ཐད་རྒྱ་ནག་ལ་ཞི་བའི་ཐབས་ལམ་གྱི་རྣམ་པ་བཏོན་གྱི་ཡོད་ལུགས་གསུང་གླེང་།

2009-09-16
Share

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨ་མི་རི་ཀས་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་གིས་བོད་དོན་ཐད་རྒྱ་ནག་ལ་ཞི་བའི་ཐབས་ལམ་གྱི་རྣམ་པ་བཏོན་གྱི་ཡོད་ལུགས་གསུང་གླེང་གནང་འདུག

དེ་ཡང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་བཅུ་པའི་ནང་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཆིབས་བསྒྱུར་བཀྲིན་བསྐྱང་གནང་བའི་སྐབས་ཨ་མི་རི་ཀའི་སྲིད་འཛིན་ཨོ་བཱ་མ་མཆོག་གིས་མཇལ་འཕྲད་གནང་འཆར་མེད་པའི་གནས་ཚུལ་མཁྱེན་རྟོགས་བྱུང་བའི་རྗེས་སུ་གསར་འགོད་པར་གསུང་གླེང་གནང་བ་ཞིག་ཡིན་པ་རེད། དེ་དང་ཆབས་ཅིག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༡༩༩༡ལོར་ཨ་མི་རི་ཀའི་སྲིད་འཛིན་ཇོརྗ་ཨེཇ་སྦུཤི་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་བ་ནས་བཟུང་སྲིད་འཛིན་རིམ་པས་༸གོང་ས་མཆོག་མཇལ་འཕྲད་ཞུས་གནང་བ་ལྟར་ད་རེས་སྲིད་འཛིན་ཨོ་བཱ་མ་མཆོག་ནས་ཀྱང་༸གོང་ས་མཆོག་མཇལ་འཕྲད་ཞུས་གནང་རྒྱུའི་ཐུགས་རེ་ཆེན་པོ་གནང་གི་ཡོད་ཅེས་གསུང་གླེང་གནང་འདུག ཡང་བཀའ་བློན་ཁྲི་པ་མཆོག་གིས་མུ་མཐུད་གསར་འགོད་པར་གསུང་དོན་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་ཐོག་སླེབས་དུས་རྒྱ་ནག་ལ་ཞི་ཐབས་ཀྱི་སྲིད་བྱུས་ལག་བསྟར་གནང་གི་འདུག་ལ་ཐ་ན་འཛམ་གླིང་ནང་གི་སྟོབས་ཤུགས་རྒྱལ་ཁབ་ཨ་མི་རི་ཀ་ལ་བཞག་པ་ཡིན་ནའང་དེ་འདྲ་བ་ལག་བསྟར་གནང་གི་འདུག དེང་སྐབས་དཔལ་འབྱོར་གྱི་ཁེ་ཕན་དེ་གཞན་དག་གི་ཁེ་ཕན་ཡོངས་རྫོགས་ལས་གལ་འགངས་ཆེ་བར་རྩིས་གནང་གི་ཡོད་ལུགས་སོགས་ཁ་ས་ཕེ་རན་སིའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།