བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དངོས་བྱུང་མཛད་རྣམ་གློག་བརྙན་ཞིག་འགྲེམས་སྤེལ་ཞུ་འཆར་འདུག
ཨ་མི་རི་ཀའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆརཌི་གྷིཡར་ (Richard Gere)ལགས་དང་། འཁྲབ་གཞུང་རྩོམ་པ་པོ་ཨོརེན་ མོཝར་མཎ་ (Oren Moverman) རྣམ་གཉིས་ཀྱིས་བཟོ་བསྐྲུན་དང་། གློག་བརྙན་འཁྲབ་ཁྲིད་པ་སྦར་སྦ་ར་ མིལཱར་ (Barbara Miller) ལགས་དང་ཧྥིལིཔ་ ཌེལཱ་ཁུཝེསི་ (Philip Delaquis) ལགས་གཉིས་ཀྱིས་འཁྲབ་ཁྲིད་གནང་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དངོས་བྱུང་མཛད་རྣམ་གློག་བརྙན་༼བདེ་སྐྱིད་ཀྱི་ཤེས་རབ་༽(Wisdom of Happiness)་ཅེས་པའི་ནང་། དགུང་གྲངས་ ༨༩ ཕེབས་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་རྣམས་ལ་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་སྐྲུན་ཐབས་སྐོར་བཀའ་སློབ་ལམ་སྟོན་སྩལ་གནང་པ་མ་ཟད། ཞི་བདེ་བདེ་སྐྱིད་ལྡན་པའི་དུས་རབས་ ༢༡ པ་བསྐྲུན་པར་ནུས་ཤུགས་བཏོན་ཡོད་པ་གསལ་སྟོན་ཞུ་གི་ཡོད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོ་ལོ་སྟོང་ཕྲག་ལྷག་སོང་བའི་རིན་ཐང་ཅན་གྱི་བོད་ཀྱི་ནང་ཆོས་ཀྱི་རིག་གཞུང་་དང་། གོ་ལ་གཅིག་གྱུར་གྱི་སྤྱི་ཚོགས་དང་དེང་རབས་ཀུན་ཁྱབ་ཀྱི་ལྟ་གྲུབ་ཐད་ཀྱི་དགོངས་གཞི་གཏིང་ཟབ་ཁྱབ་སྤེལ་མཛད་པ་ཁག་ཀྱང་ངོ་སྤྲོད་ཞུས་ཡོད་པ་རེད།
གློག་བརྙན་འཁྲབ་ཁྲིད་པ་ཧྥིལིཔ་ ཌེལཱ་ཁུཝེསི་ (Philip Delaquis) ལགས་ཀྱིས་བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་གི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དམག་འཁྲུག་དང་གནམ་གཤིས་འགྱུར་ལྡོག་སོགས་ད་ལྟའི་གོ་ལའི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་དང་མཛད་པ་བསྐྱངས་དང་སྐྱོང་མུས་ཁག་གསལ་སྟོན་བྱས་སྐོར་བརྗོད་འདུག
དེ་བཞིན་རི་ཆརཌི་གྷིཡར་ (Richard Gere) ལགས་དང་། ཨོརེན་ མོཝར་མཎ་ (Oren Moverman) ལགས་རྣམ་གཉིས་ཀྱིས་གོང་ཞུས་དངོས་བྱུང་གློག་བརྙན་གྱི་ལག་བསྟར་བཟོ་སྐྲུན་པ་གནང་རྒྱུར་ངོས་ལེན་གྱི་མཚན་རྟགས་བཀོད་པ་དང་། གློག་བརྙན་དེའི་འགྲོ་གྲོན་སུད་སིའི་མི་སྒེར་གྱིས་མཐུན་སྦྱོར་དང་གློག་བརྙན་དེའི་པར་ལེན་པ་ནི་མེནིཡུལ་ སྦའོར་ (Manuel Bauer) ལགས་དང་རོལ་དབྱངས་སྦྱོར་མཁན་དང་དབྱངས་རྩོམ་མཁན་(Ariel Marx)་ལགས་ཡིན་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སློབ་མ་དང་རྒྱུན་རིང་གི་གྲོགས་པོ་རི་ཆརཌི་གྷིཡར་(Richard Gere) ལགས་ཀྱིས་འདི་ནི་གློག་བརྙན་ཐུང་ངུ་ཞིག་ཡིན་ཡང་མ་འོངས་པར་སྐད་གྲགས་ཆེན་པོ་ཆགས་ངེས་རེད་ཅེས་གསུང་འདུག དེ་བཞིན་འཁྲབ་གཞུང་རྩོམ་པ་པོ་མོཝར་མཎ་ (Moverman) ལགས་ཀྱིས་གློག་བརྙན་བཟོ་སྐྲུན་པ་ཞིག་ལ་མཚོན་ན་གློག་བརྙན་འདིའི་བཟོ་བསྐྲུན་བྱེད་རྒྱུར་རེ་འདུན་བྱས་པར་དགའ་སྤོབས་སྐྱེས་བྱུང་ཞེས་དང་། འདི་ནི་གློག་བརྙན་དམིགས་བསལ་བ་ཞིག་ཡིན་ཞིང་། བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་འདིས་རིན་ཐང་བྲལ་བའི་བྱམས་བརྩེའི་ཁྱད་ཡོན་དེ་མི་མང་གི་མིག་གི་སྤྱོད་ཡུལ་དུ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལྟ་བུར་བཀོད་ཡོད་པའི་སྐོར་གསུང་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།