༄༅༎བོད་མིའི་སྒྲིག་འཛུག་ཀྱི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་ཧི་མ་ལ་ཡའི་རི་རྒྱུད་དང་། དེ་བཞིན་རྒྱ་གར་ཤར་ཕྱོགས་ཁུལ་གྱི་གཞོན་སྐྱེས་ཁག་ཅིག་ལ་བོད་མིའི་གནས་སྟངས་ངོ་སྤྲོད་ཀྱི་ཟབ་སྦྱོང་གནང་རྒྱུ་འགོ་ཚུགས་ཡོད་འདུག
རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱེད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་གོ་སྒྲིག་འོག་ད་རིང་ཚེས་བཅུ་ནས་བཟུང་བཞུགས་སྒར་ཁུལ་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད་འདུག ཟབ་སྦྱོང་འདིའི་ནང་། བོད་ཀྱི་ཆོས་དང་རིག་གཞུང་། ས་མཚམས་སུ་འཁེལ་བའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ལ་དྭགས་དང་། ལ་འོ་སེ་པི་ཏི། ཀི་ནོར། ཁུ་ནུ། འབྲས་ལྗོངས། དེ་བཞིན་འབྲུག་དང་། བལ་ཡུལ། འབར་མ་བཅས་ཀྱི་གཞོན་སྐྱེས་ཉི་ཤུ་ཙམ་ལ་བོད་ནང་གི་གནས་སྟངས་དང་། ནང་ཆོས་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས། ཁོར་ཡུག། རིག་གཞུང་སོགས་ཀྱི་སྐོར་ཟབ་སྦྱོང་གནང་འཆར་ཡོད་པའི་ཁོངས་སུ་ད་རིང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་དང་། ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས། རིག་ལམ་སློབ་གཉེར་ཁང་གི་འགན་འཛིན་དང་སྤྱི་འཐུས་སྐལ་བཟང་དགྲྭ་འདུལ་ལགས་བཅས་ནས་གསུངས་བཤད་གནང་རྒྱུ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་། ཁོར་ཡུག་ཚན་པ་བཅས་ཀྱི་འབྲེལ་ཡོད་བཅས་ནས་རིམ་པས་ངོ་སྤྲོད་གནང་རྒྱུའི་ལས་རིམ་ཡོད་འདུག་ཟབ་སྦྱོང་ཟིན་པའི་རྗེས་སུ་ཁོང་ཚོར་བཞུགས་སྒར་ཁུལ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་དང་དཔེ་མཛོད་ཁང་། རྡ་ས་བོད་ཁྱིམ། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་བཅས་པར་འཚམས་གཟིགས། དེ་ནས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་མཇལ་ཁ་ཞུ་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ནས་གསུངས་བཤད་གནང་རྒྱུ་བཅས་ཀྱི་ལས་རིམ་ཁག་ཅིག་གོ་སྒྲིག་ཞུས་ཡོད་པ་རེད། ད་རེས་གཞོན་སྐྱེས་རྣམས་བོད་མིའི་གནས་སྟངས་དངོས་སུ་མྱོང་ཚོར་དང་། གོ་རྟོག་སྤེལ་བ་དེས་་ཁོང་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། ལྷག་པར་དུ་འབར་མའི་གནས་སྟངས་དང་བོད་མིའི་དཀའ་སྡུག་གཉིས་འདྲ་པོ་ཡོད་ཚུལ་སོགས་གཞོན་སྐྱེས་ཁག་ཅིག་ནས་དགོངས་ཚུལ་གསུངས་འདུག
