རྡ་རམ་སཱ་ལའི་ཁུལ་གྱི་བོད་རིགས་དཀའ་ངལ་ཅན་ཚོར་ཟ་ཆས་བགོ་འགྲེམས་གནང་འདུག

0:00 / 0:00

རྣམ་རྒྱལ་གྲྭ་ཚང་གཙོས་རྡ་རམ་སཱ་ལའི་ཚོགས་པ་སྐྱིད་སྡུག་ཁག་ཅིག་མཉམ་འབྲེལ་གྱིས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བོད་རིགས་དཀའ་ངལ་ཅན་ཚོར་ཟ་ཆས་བགོས་འགྲེམས་གནང་འདུག
ཕྱི་ལོ་༢༠༢༠ ་ཟླ་ ༥་ཚེས་༡་ཉིན་བཞུགས་སྒར་རྡ་རམ་ས་ལའི་༧སྐུ་བཅར་རྣམ་རྒྱལ་གྲྭ་དང་། དེ་བཞིན་རྡ་ས་རིག་ལམ་སློབ་གྲྭ། ཧིན་བོད་མཛའ་འབྲེལ་ཚོགས་པ། ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་གྱི་ཐོག་ནས་བཞུགས་སྒར་རྡ་རམ་སཱ་ལའི་ཁུལ་དུ་གནས་སྡོད་བོད་མི་ཁག་ཅིག་ལ། ད་ལྟའི་ཆར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ནང་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་རྐྱེན་གྱིས། རྒྱ་གར་ནང་ཁྱིམ་སྡོད་བཀའ་རྒྱ་བཏང་ནས་ཟླ་བ་གཅིག་ལྷག་འགྲོ་བཞིན་པའི་སྐབས་འདིར་མང་ཚོགས་ཚོས་དཀའ་ངལ་མང་དག་ཞིག་ལ་གདོང་ལེན་བྱེད་དགོས་པའི་ནང་ནས། ཟ་ཆས་ཀྱི་དཀའ་ངལ་འཕྲད་བཞིན་པའི་བོད་རིགས་ཁག་ཅིག་ལ་ཟ་ཆས་བགོས་འགྲེམས་གནང་ཡོད་པ་རེད། ཐེངས་འདིའི་ལས་གཞི་འདི་བཞིན་འབྲེལ་ཡོད་རྒྱ་གར་ས་གནས་གཞུང་གི་ལས་ཁུངས་ནས་བཀའ་ཁྲོལ་མཁྱེན་རྟོགས་ཡོད་པའི་ཐོག་ནས་ད་ལྟའི་ཆར་དཀའ་ངལ་ཡོད་པའི་བོད་མི་ཁག་གི་མིང་ཐོ་བསྡུས་ནས་བགོས་འགྲེམས་བྱས་པ་ཞིག་ཡིན་པ་རྡ་སའི་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་སྤྱིར་བཏང་བོད་མིའི་སྒྲིག་འཛུགས་ཀྱིས་དཀའ་ངལ་ཅན་གྱི་བོད་རིགས་ཁག་ཅིག་ལ་ཛ་དྲག་གྱི་དགོས་མཁོའི་རོགས་སྐྱོར་ཁག་དེ་སྔོན་ནས་འགོ་འཛུགས་ཀྱིས་ད་ལྟ་གནང་བཞིན་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
རྡ་ས་རིག་ལམ་སློབ་གྲྭའི་འགན་འཛིན་དགེ་བཤེས་བསམ་གཏན་ལགས་ཀྱིས་གསུངས་ན། དེ་སྔོན་ས་གནས་ཡུལ་མི་དཀའ་ངལ་ཅན་མང་དག་ཞིག་ལ་ཟ་ཆས་བགོས་འགྲེམས་བྱེད་བཞིན་ཡོད་ཀྱང་། ད་རེས་རྡ་ས་ས་གནས་འགོ་འཛིན་ལས་ཁང་དང་གོ་བསྡུར་གྱིས་ད་ལྟ་ཁྱིམ་སྡོད་བཀའ་རྒྱའི་རྐྱེན་པས་དཀའ་ངལ་འཕྲད་བཞིན་པའི་བོད་མི་ཚོར་ཟ་ཆས་རིགས་བགོས་འགྲེམས་བྱས་པ་ཞིག་ཡིན་འདུག
ཟ་ཆས་ཞུ་བར་ཡོང་མཁན་བོད་མི་ཁག་ཅིག་གིས། ད་ལྟའི་ཆར་རྒྱ་གར་ནང་ཁྱིམ་སྡོད་བཀའ་རྒྱ་བཏང་བའི་རིང་ལ་ཚོགས་པ་དང་གྲྭ་ཚང་ཁག་ནས་རིན་མེད་ཟ་ཆས་བགོས་འགྲེམ་གནང་བ་འདིས་ཕན་ཐོག་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ཡོད་པ་རེད།
རྒྱ་གར་ནང་ཏོག་དབྱིབས་རིམ་ནད་སྔོན་འགོག་ཆེད་ཁྱིམ་སྡོད་བཀའ་རྒྱའི་འོག་རྒྱ་གར་ནང་གི་མི་དབུལ་ཕོངས་མང་པོ་ཞིག་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་ཅིང་། རྒྱ་གར་དབུས་དང་ས་གནས་གཞུང་གིས་རྒྱ་ཆེའི་རོགས་རམ་གནང་བཞིན་ཡོད་པ་དེའི་ཁར། བོད་མི་གནས་ཡུལ་གྱི་ས་གནས་མང་པོ་ཞིག་གི་ནང་དགོན་པ་གྲྭ་ཚང་དང་ཚོགས་སྡེ་ཁག་གིས་རོགས་སྐྱོར་གྱི་ལས་གཞི་སྣེ་མང་སྤེལ་དང་སྤེལ་མུས་ཡིན་པ་རེད།