རྟའུ་རུ་ཡང་བསྐྱར་ནད་པ་གསར་བ་གསུམ་ཐོན་ནས་དཀར་མཛེས་ལ་ནད་༧༤་བར་འཕར་འདུག
2020.02.27
རྟའུ་རྫོང་དུ་ཡང་བསྐྱར་ཏོག་དབྱིབས་ནད་འབུ་གསར་པ་འགོས་ཡོད་པའི་ནད་པ་གསུམ་ཐོན་ཏེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ད་ལྟའི་ཆར་སྡོམ་པས་ནད་པ་༧༤་བར་འཕར་འདུག
འདི་ཚེས་ ༢༦་ཉིན་གྱི་ཆུ་ཚོད་ཉེར་བཞིའི་ནང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཏོག་དབྱིབས་ནད་འབུ་གསར་བ་ཕོག་མཁན་ནད་པ་གསར་བ་༣་བྱུང་ཡོད་པ་དང་། ནད་པ་དེ་གསུམ་ནི་རྟའུ་རྫོང་གི་བུད་མེད་གསུམ་ཡིན་པ་རེད། དེ་ལྟར་སྤྱི་ཟླ་༢་ཚེས་༢༦་བར་དཀར་མཛེས་ཁུལ་སྤྱི་ཡོངས་སུ་ཏོག་དབྱིབས་ནད་འབུ་གསར་བ་འགོས་བའི་ནད་པ་མི་གྲངས་༧༤་བར་འཕར་ཡོད་པ་དང་། དེའི་ནང་ནས་ནད་པ་གསར་བ་གསུམ་རྩིས་བའི་མི་གྲངས་༦༩་རྟའུ་རྫོང་ནས་ཡིན་པ་རེད། ད་དུང་ནད་པ་༡༨་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད་ཟིན་པ་དང་། གོང་གི་གསར་ཐོན་ནད་པ་གསུམ་ནི་ལོ་ན་༣༨་ཅན་གྱི་བུད་མེད་ཚེ་ག་གེ་མོ་རྟའུ་རྫོང་ཁུག་ཆ་ཡུལ་ཚོ་ནས་ཡིན་པ་དང་། ལོ་ན་༢༨་ཅན་གྱི་ཟླ་ག་གེ་མོ་ཟེར་བ་རྟའུ་རྫོང་དགེ་བཤེས་ཡུལ་ཚོ་ནས་ཡིན་པ། ལོ་ན་༢༧་ཅན་གྱི་བུད་མེད་སྒྲོལ་ག་གེ་མོ་རྟའུ་རྫོང་ཁང་གསར་ཡུལ་ཚོ་ནས་ཡིན་པར། ཁོང་ཚོ་ཚང་མ་ཕྱི་ཟླ་དང་པོའི་ཟླ་མཇུག་དང་། ཟླ་གཉིས་པའི་ཟླ་འགོ་ཙམ་ནས་་ཟླ་གཉིས་པའི་ཟླ་དཀྱིལ་བར་དུ་ཁྱིམ་དུ་བསྡད་ཡོད་པ་དང་། དེ་ནས་ལོགས་སུ་བཀར་ནས་གསོ་རིག་བརྟག་དཔྱད་སྐབས་ནད་རྟགས་མངོན་མེད་པའི་ནད་པ་དག་ཡིན་པ་དང་། ད་ལྟའི་ཆར་རྟའུ་རྫོང་སྨན་ཁང་དུ་ལོགས་སུ་བཀར་ནས་ཡོད་པ་སོགས་དཀར་མཛེས་འཕྲོད་བསྟེན་བདེ་ཐང་ལྷན་ཁང་དང་རྒྱ་ནག་གི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག
གོང་གི་ནད་པ་དེ་དག་གི་རུས་མིང་བཏོན་པ་ལས་མིང་ཆ་ཚང་བརྗོད་མེད་ཀྱང་རུས་མིང་བཏོན་ལ་བལྟས་ན་བོད་རིགས་ཡིིན་པ་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཡིད་ཆེས་བྱེད་སའི་གློ་ནད་སྨན་པ་(Zhong Nanshan)་ཟེར་བས་ཕྱི་ཚེས་༢༧་ཉིན་གཏམ་བཤད་ཞིག་གནང་སྐབས། ཕྱི་ཟླ་བཞི་བའི་ཟླ་མཇུག་ཏུ་གཞི་རྩའི་ཆ་ནས་ནད་ཡམས་དེ་སྟངས་འཛིན་ཐུབ་ཀྱི་ཡོད་པར་གདེང་ཚོད་ཡོད་ཅེས་གསུངས་འདུག་པ་རྒྱ་ནག་གཞུང་འབྲེལ་དྲ་ལམ་ཁག་མང་པོའི་ནང་བརྒྱུད་བསྒྲགས་བྱེད་བཞིན་པ་དང་། དེ་བཞིན་རྒྱ་ནག་ནང་འགོས་ནད་དེ་ཁྱབ་གདལ་འགྲོ་ཚད་ཕྲན་བུའི་ཉུང་དུ་འགྲོ་བཞིན་ཡོད་ལུགས་བརྗོད་ཀྱི་ཡོད་ནའང་། རྒྱ་ནག་གི་ཕྱི་ལ་ནད་འབུ་དེ་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པ་ལྟར། ཨ་རིའི་ཕྱོིགས་ནས་ཏོག་དབྱིབས་ནད་འབུ་གསར་པ་ལ་དམིགས་པའི་འགོག་སྲུང་གི་ལས་དོན་ཚོགས་ཆུང་ཆེད་འཛུགས་དང་དེའི་སྣེ་ཁྲིད་དུ་སྲིད་འཛིན་གཞོན་པ་བསྐོ་བཞག་གནང་ཡོད་པ་རེད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོར་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར་ན། འདི་གའི་ཚེས་ ༢༧ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་ཐོན་ཡོད་པ་དེ་སྤྱི་ཟླ་ ༢ ་ཚེས་ ༡༢་ཉིན་ནད་གཞི་སངས་དྲག་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཐོན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་ཡོད་པ་རེད། དེ་བཞིན་མཚོ་སྔོན་ཟི་ལིང་དུ་ནད་པ་ ༡༥ ་དང་། མཚོ་བྱང་ཁུལ་དུ་ནད་པ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་ནད་པ་༧༤། དེ་དག་ལས་རྟའུ་རྫོང་ཁོངས་སུ་ནད་པ་༦༩་དང་། དར་རྩེ་མདོ་རུ་ནད་པ་༢། གསེར་རྟ་ལ་ནད་པ་༢། འདབ་པ་ལ་ནད་པ་༡་བཅས་བྱུང་འདུག རྔ་བ་ཁུལ་དུ་༡། ཀན་ལྷོའམ་མདོ་ལྷོ་ཁུལ་དུ་བསྡོམས་ནད་པ་༨ ་བཅས་བྱུང་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ ་པའི་ཚེས་ ༢༧་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་༨༢༥༤༩་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། ༼དེའི་ཁྲོད་སྨན་པ་དང་སྨན་ཞབས་༣༣༩༠་ལྷག་ཡོད༽ དེའི་ཁྲོད་ཀྱི་ནད་པ་མི་གྲངས་༢༨༡༠་ཙམ་གྲོངས་འདུག་ལ་རྒྱ་ནག་ཝུའུ་ཧན་ནས་ད་ཆ་འཛམ་གླིང་གི་ཡུལ་གྲུ་ཁག་ ༤༠་ཙམ་གྱི་ནང་ནད་ཡམས་དེ་ཁྱབ་ཡོད་འདུག