རྒྱ་ནག་གི་སྲིད་འཛིན་ཞི་ལ་དམར་ཤོག་ཚོགས་པ་ནང་ཁུལ་ནས་གནོན་ཤུགས་ཡོང་བཞིན་འདུག


2020-03-24
Share
རྒྱ་ནག་གི་སྲིད་འཛིན་དང་དབུ་ཁྲིད་ཁག རྒྱ་ནག་གི་སྲིད་འཛིན་དང་དབུ་ཁྲིད་ཁག
པར་ཚགས།

རྒྱ་ནག་གི་སྲིད་འཛིན་ཞི་ལ་དམར་ཕྱོགས་ཚོགས་པའི་དཔོན་རྒྱུད་གཞོན་རབས་པ་ཚོའི་ཁྲོད་ནས་གནོན་ཤུགས་ཡོང་བཞིན་པའི་དཀའ་ངལ་གསར་བར་གདོང་ལེན་བྱེད་དགོས་བ་ཆགས་ཡོད་འདུག
རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་གྱི་དཔོན་རྒྱུད་མི་རབས་གཞོན་པའི་ཁྲོད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱི་ཆབ་སྲིད་སྐྱོང་ཕྱོགས་ཐད་བློ་ཕམ་གྱི་རྣམ་པ་ཇེ་ཆེར་ཕྱིན་ཏེ་དཀའ་ངལ་གསར་བར་གདོང་ལེན་བྱེད་དགོས་བ་ཆགས་ཡོད་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོག་མར་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་བྱུང་བ་ནས་བཟུང་། རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཚོས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་འབོད་སྐུལ་སྐད་སྒྲ་མང་དུ་འགྲོ་གི་ཡོད་པ་དང་། ཉེ་ཆར་ཡོངས་གྲགས་ཀྱི་ཡིག་གེ་ཞིག་གི་ནང་། རྒྱ་ནག་གི་ཆབ་སྲིད་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་འཛོམས་ཛ་དྲག་ཚོགས་འདུ་ཞིག་མགྱོགས་མྱུར་ངང་སྐོང་འཚོགས་དགོས་པའི་འབོད་སྐུལ་གྱི་བསམ་འཆར་ཡི་གེ་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་པའི་ནང་། དེང་སྐབས་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་གང་སར་ཁྱབ་པའི་ཛ་དྲག་གི་གནས་སྟངས་དང་། རྒྱལ་ནང་གི་དཔལ་འབྱོར་དང་། རྒྱལ་སྤྱིའི་འབྲེལ་ལམ་གྱི་གནས་སྟངས་བཅས་ཛ་དྲག་ཏུ་ཕྱིན་པའི་སྐབས་འདིར། མགྱོགས་མྱུར་རྒྱ་ནག་ཆབ་སྲིད་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་འཚོམས་ཚོགས་འདུ་སྐོང་ནས་རྒྱ་ནག་གུང་ཁྲན་གཞུང་གི་འགོ་ཁྲིད་ཞི་ཅིན་ཕེན་གྱིས་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དམག་དོན་ལྷན་ཁང་གི་གཙོ་འཛིན་། དམར་ཕྱོགས་སྤྱི་ཁྱབ་དྲུང་ཆེ་བཅས་ཀྱི་དབང་ཆ་ཆ་ཚང་མུ་མཐུད་དུ་བཟུང་བསྡད་ན་འགྲིག་མིན་དང་། ལས་གནས་སྟེང་དགོངས་པ་ཞུ་དགོས་མིན་གྱི་གནད་དོན་ཐད་གྲོས་མོལ་བྱེད་དགོས་ཚུལ་སོགས་བཀོད་དེ་འབོད་སྐུལ་ཤུགས་ཆེན་བྱས་ཡོད་པ་རེད།
དེ་བཞིན་གོང་བརྗོད་བསམ་འཆར་ཡི་གེ་དེ་བརྒྱུད་སྤེལ་བྱེད་མཁན་གྲས་ཡཱང་ཀོང་འཁོར་སྐར་བརྙན་འཕྲིན་ལྷན་ཚོགས་ཀྱི་འགན་འཛིན་དང་། དམར་ཕྱོགས་ཚོགས་པའི་མི་རབས་གཉིས་པའི་དཔོན་རིགས་ཡིན་པའི་ཁྲིན་ཕེན་ནས་བརྗོད་ན། མི་སུ་ཞིག་གིས་ཐེངས་དང་པོར་འབོད་སྐུལ་ཡི་གེ་དེ་འགྲེམས་སྤེལ་གནང་བ་ལས་གསལ་ཆ་མེད་ཀྱང་། སྨྲ་བརྗོད་དང་གསར་འགྱུར་རང་དབང་མེད་པའི་རྐྱེན་པས། རྫུན་གཏམ་དང་གཏམ་འཆལ་གང་སར་ཁྱབ་པའི་གནས་སྟངས་དེ་བྱུང་བཞིན་ཡོད་པ་རེད་ཟེར། གོང་བརྗོད་འབོད་སྐུལ་ཡི་གེ་དེ་ནི་རྒྱ་ནག་གི་མི་མང་གི་ཁེ་དབང་ཁྲིམས་རྩོད་པ་ཞོས་ཀྲི་ཡོང་ནས་ཉེ་སྔོན་ཞེ་ཅིན་ཕེན་གྱིས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་འབོད་སྐུལ་ཡི་གེ་སྤེལ་རྗེས་འཛིན་བཟུང་དང་། དེ་བཞིན་ད་ལྟ་གར་ཡོད་མི་ཤེས་པ་དང་། འབྲེལ་བ་ཆད་པའི་རྒྱ་ནག་གི་ས་ཁང་ཚོང་བ་ཆེན་མོ་རིན་ཀྲི་ཆང་ནས་དྲ་གནས་ཐོག་ཏུ་༼གྱོན་གོས་ཕུད་ཀྱང་ད་དུང་རྒྱལ་པོ་བྱེད་འདོད་ཀྱི་དགོད་སློང་མཁན་༽་ཞེས་པའི་རྩོམ་ཡིག་སྤེལ་ཏེ་ཞི་ཅིན་ཕེན་ལ་སྐྱོན་བརྗོད་བྱས་པའི་རྗེས་སུ། ཡང་བསྐྱར་འབོད་སྐུལ་ཞུ་ཡིག་འདི་འདྲ་ཐོན་པ་དང་། ཐེངས་འདིའི་འབོད་སྐུལ་ཡི་གེར་མིང་གསལ་འདོན་བྱས་མེད་ཀྱང་། རྒྱ་ནག་དམར་ཚོགས་པའི་དཔོན་རྒྱུད་མི་རབས་གཞོན་པ་རྣམས་ནས་ཀྱང་ཞི་ཅིན་ཕེན་གྱི་ཆབ་སྲིད་སྐྱོང་ཕྱོགས་ཐད་བློ་ཕམ་པའི་རྣམ་པ་མཚོན་པ་གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎