བཙན་བྱོལ་དུ་བོད་རིག་པ་བའི་ཉམས་ཞིབ་པ་དང་བོད་དོན་ཐོག་རྒྱལ་སྤྱིའི་ཁྲོད་གོ་རྟོགས་སྤེལ་མཁན་ཇེ་མང་དུ་འགྲོ་ཆེད་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་གོ་སྒྲིག་ཞུས་ཡོད་ཅེས། ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་གསུངས་པ།
ཟླ་ ༡༡ ཚེས་ ༩ ནས་ ༡༡ བཅས་ཉིན་གྲངས་གསུམ་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ལྦ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ Young Tibetan Research Scholar’s Conference ཞེས་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་པ་འཚོགས་ཡོད་པ་དང་། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་དེ་བཞིན་ལོ་ལྟར་གོ་སྒྲིག་གནང་དོན་ནི། བོད་དུ་གནས་བཞུགས་བོད་མི་རྣམས་ལ་བོད་ཀྱི་སྐད་དང་རིག་གཞུང་ཐད་སློབ་སྦྱོང་དང་ཁྱབ་སྤེལ་གནང་རྒྱུའི་རང་དབང་རྩ་ནས་མེད་པས། བཙན་བྱོལ་གནས་སྡོད་བོད་མི་རྣམས་ནས་བོད་ཀྱི་གནད་དོན་ཐོག་ཉམས་ཞིབ་གང་ལེགས་ཀྱིས་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་ཐད་གོ་རྟོགས་སྤེལ་རྒྱུ་དང་། བོད་རིག་པ་བའི་མཁས་པ་ཇེ་མང་དུ་འགྲོ་རྒྱུའི་ཆེད་ཡིན་ཞེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་འདི་ག་གསར་འགོད་པས་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུའི་ཐོག་གཏམ་བཤད་གནང་མཁན་གྱི་ཉམས་ཞིབ་པ་ཁག་ཅིག་ལ་བཀའ་འདྲི་ཞུས་པར། ཐེངས་འདིའི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུའི་ཁྲོད་ཀྱི་གཏམ་བཤད་པ་ལོ་ན་ཆུང་ཤོས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་གསོག་ལས་བྱེད་རྟའུ་བསྟན་འཛིན་རྣམས་རྒྱལ་ལགས་ནས། ཁོང་ནས་ན་གཞོན་ཉམས་ཞིབ་པའི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་བ་ཐེངས་དང་པོ་ཡིན་ཞིང་། ༡༩༣༡ ལོར་༸རྒྱལ་དབང་སྐུ་ཕྲེང་ ༡༣ པས་བདག་ཉིད་ཆེན་པོ་གྷན་དྷི་མཆོག་ལ་ཕུལ་བའི་ཕྱག་འཕྲིན་ཁག་བརྒྱུད་བོད་ཀྱི་གནས་ཚུལ་རྣམས་གསལ་སྟོན་བྱ་རྒྱུ་དང་། ཕྱག་འཕྲིན་འདིའི་བརྒྱུད་རིམ་སོགས་ཀྱི་སྐོར་གླེང་རྒྱུ་ཡིན་པ་གསུངས་བྱུང་ལ། ན་གཞོན་ཉམས་ཞིབ་པའི་ཐོག་ཐེངས་ལྔ་མཉམ་བཞུགས་གནང་མྱོང་མཁན་ལྦཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པའི་སློབ་མ་ལྷ་མོ་སྐྱབས་ལགས་ནས། ཕྱི་ལོ་ ༡༩༥༠ ནས་ ༡༩༥༦ བར་ཀ་ལེམ་པོང་དུ་བོད་མི་རྣམས་ལ་མི་རྒྱུད་རིག་པའི་བརྟག་དཔྱད་བྱས་པའི་བརྗོད་གཞིའི་ཐོག་གླེང་རྒྱུ་ཡིན་པ་གསུངས་ཀྱི་འདུག ཡང་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་ཁྲིམས་ཀྱི་དགེ་རྒན་ལྷ་རོང་ལགས་ནས་གསུངས་ན། ཐེངས་འདིར་ཁོང་ནས་མང་གཙོ་བཅོས་བསྒྱུར་གྱི་ཤུགས་རྐྱེན་ལ་དཔྱད་པའི་བརྒྱུད་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་ཞིབ་འཇུག་བྱས་པའི་བརྗོད་གཞིའི་ཐོག་གླེང་རྒྱུ་ཡིན་པ་གསུངས་ཀྱི་འདུག
ཚོགས་འདུའི་དཔྱད་བརྗོད་པ་ལྦཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བོད་ཀྱི་སྐད་ཡིག་སློབ་དཔོན་གཞོན་པ་ལྷག་པ་ཚེ་རིང་ལགས་ནས། ད་ལྟའི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་བོད་པའི་ན་གཞོན་རྣམས་ཀྱིས་བརྗོད་གཞི་འདེམས་ཕྱོགས་དང་དཔྱད་རྕོམ་འབྲི་སྟངས་སོགས་གང་ཅིའི་ཐད་ཧ་ཅང་ཡག་པོ་སྣང་རྒྱུ་འདུག་པ་ནི། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་རིགས་ཉམས་ཞིབ་པའི་གནས་ཚད་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་མངོན་གསལ་ཐུབ་པ་ཡིན་ཞེས་གསུངས་བྱུང་།
རྩ་བའི་ཟླ་འདིའི་ཚེས་ ༩ ཉིན་ཏེ་བོད་ཀྱི་ན་གཞོན་ཉམས་གཞིབ་པའི་ཚོགས་འདུ་ཐེང་བཅུ་པའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དང་འགན་འཛིན་གཞོན་པ། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་ཝར་ན་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། དེ་བཞིན་སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་ཁག་ཅིག་དང་། ཉམས་ཞིན་པ་རྣམས་དེ་བཞིན་ཚོགས་བཅར་བ་སུམ་ཅུ་ནས་མཉམ་བཞུགས་ཀྱིས་རང་ཉིད་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་བགྲོ་གླེང་སོགས་གནང་ཡོད་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།