ཆོས་དབྱངས་སྐྱིད་ལ་ལི་མའི་གཟེངས་རྟགས་ཐོབ་པ།
2012.08.12
༄༅༎ཕྱི་ཟླ་༨ཚེས་༡༡རེས་གཟའ་སྤེན་པའི་ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་ཚུགས་བཞིན་པ་ཨོལིམཔིཀ་ཀྱི་སྩལ་འགྲན་ནང་རྒྱ་ནག་གི་སྩེད་འགྲན་པའི་ཁོངས་སུ་མཉམ་ཞུགས་བྱེད་བཞིན་པ་མདོ་སྨད་ཨ་མདོ་ནས་ཡིན་པའི་བོད་པའི་གཞོན་ནུ་མ་ཆོས་དབྱངས་སྐྱིད་ཀྱིས་ ཁེ་ས་རྒྱང་ཐག་ཀི་ལོ་མི་ཊར་ ༢༠ ཐམ་པའི་གོམ་བགྲོས་འགྲན་བསྡུར་ནང་ཨང་གསུམ་པར་ཐོན་ཏེ་ལི་མའི་གཟེངས་རྟགས་ལེན་འདུག ད་ཆ་ལོ་ན་ ༢༢ ལ་སོན་པ་ ཆོས་དབྱངས་སྐྱིད་ནི་རྒྱལ་ཁབ་གྲངས་ ༢༠༠ ལྷག་གི་སྩལ་འགྲན་པ་ཚོས་དབྱར་ཀའི་དུས་སུ་ལོ་བཞི་རེའི་མཚམས་སུ་མཉམ་ཞུགས་བྱེད་པའི་འཛམ་གླིང་གི་སྩེད་འགྲན་ཆེ་ཤོས་ཨོ་ལིམ་པིཀ་་སྩལ་འགྲན་ཁོངས་སུ་རྒྱ་ནག་གིས་བོད་མི་ཞིག་མཉམ་ཞུགས་བྱེད་དུ་བཅུག་པ་ད་རེས་ཐེངས་དང་པོ་དེ་ཆགས་ཡོད་ལ། ཁོང་གིས་བོད་བཙན་བཟུང་བྱེད་མཁན་རྒྱ་ནག་གི་སྩེད་འགྲན་པའི་ངོ་བོའི་
ཐོག་ནས་མཉམ་ཞུགས་བྱས་ཡོད་ཀྱང། ཁོང་གི་མི་རིགས་ཀྱི་ངོ་བོ་བོད་མི་ཡིན་པའི་ཆ་ནས་ ཁོང་གིས་འཛམ་གླིང་གི་རྩལ་འགྲན་ཆེན་པོ་དེའི་ནང་མཉམ་ཞུགས་བྱས་པས་མ་ཟད་ གནས་རིམ་གསུམ་པར་བསླེབས་པར་བོད་མི་རྣམས་བཅོས་མིན་དགའ་འཚོར་སྐྱེ་བའི་
རང་བཞིན་ཆགས་ཡོད་པ་རེད། གོམ་བགྲོས་འགྲན་བསྡུར་དེའི་གཞུང་ལམ་ཐོག་
ཨིན་ཡུལ་ནང་གི་བོད་མི་ཚོས་ཁོང་ལ་རྒྱབ་སྐྱོར་དང་བློ་སྟོབས་སྤེལ་ཕྱིར་ཆོས་དབྱངས་སྐྱིད་ ཁྱེད་རང་ཨོལིམཔིཀ་ནང་ཞུགས་མཁན་བོད་མི་དང་པོ་དེ་རེད། ང་ཚོ་བོད་མི་ཚོ་ཁྱེད་རང་མཉམ་དུ་ཡོད་སོགས་བརྗོད་བྱ་འཁོད་པའི་ཕྲེད་དར་ནམ་མཁར་འཕྱར་ཡོད་པ་རེད། སྐབས་དེར་མིང་ལ་དོན་གྲུབ་ཞུ་བའི་བོད་མི་ཅིག་གིས་དེ་རིང་ང་རང་ལ་མཚོན་ན་དགའ་སྡུག་ཟུང་སྦྲེལ་གྱི་ཀུན་སློང་ཞིག་སྐྱེ་ཡི་འདུག ཡིན་ནའང་ཆོད་དབྱངས་སྐྱིད་བོད་མི་ཡིན་ཙང་ ངས་ཁོང་ལ་རྒྱབ་སྐྱོར་གྱི་སྐད་འབོད་དང་ཁོང་ལ་རྒྱབ་སྐྱོར་བྱེད་ཡོད་ཞེས་གསར་འགོད་པར་བརྗོད་འདུག།