ད་དུང་ཡང་གར་སོང་ཆ་མེད།
2012.12.20
༄༅། །༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་གྲངས་ ༣༥༠ ཙམ་གིས་དགོན་པ་ནས་འགོ་འཛུགས་ཀྱིས་ལྷ་སར་ཞི་རྒོལ་གྱི་གོམ་བགྲོད་བྱེད་པའི་སྐབས་ལམ་བར་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་བཀག་སྡོམ་བྱས་པ་དང༌།དེ་རྗེས་ཉེན་རྟོག་པས་དགོན་པར་དམ་བསྒྲགས་དང་དགེ་འདུན་མང་པོར་དྲི་རྩད་མང་པོ་བྱས་ཏེ། སྔ་རྗེས་སུ་དགོན་པ་ནས་དགེ་འདུན་པ་མང་པོ་འཇུ་བཟུང་བྱས་པ་དང༌། ཁམས་དང་ཨ་མདོ་ཁུལ་ནས་ཡིན་པའི་དགེ་འདུན་པ་རྣམས་ཀྱང་འཇུ་བཟུང་གིས་རང་སོའི་ཕ་ཡུལ་ལ་བཙན་སྐྱེལ་བྱས་ཏེ་ས་གནས་སྤྱི་བདེ་ཚན་པར་རྩིས་སྤྲོད་བྱས་ཡོད་པ་རེད། དེའི་ཁྲོད་ནས་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོ་དགེ་རྗོང་ཐེ་བུ་ནས་ཡིན་པ་གྲྭ་དཀོན་མཆོག་ཉི་མ་ལགས་༢༠༠༨ལོར་ས་བྱི་ཆེན་མོའི་ཞི་རྒོལ་སྐབས་རྒྱ་གཞུང་གིས་༣༡༤དོན་རྐྱེན་གྱི་གཏེ་བོ་ཉེས་འཛུག་འོག་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག ཁོང་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་༤པའི་ཚེས་༡༡ཉིན་མོར་ཉེན་རྟོག་མི་སྣས་བཙན་ཁྲིད་གྱིས་འཛིན་བཟུང་བྱས་འདུག་པ་དང་། ཁོང་ལོ་༢༠རིང་ལ་བཙོན་འཇུག་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱེད་པ་ཙམ་ལས་ད་ལྟ་ཁོང་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་དང་། གཟུགས་པོའི་གནས་སྟངས་སོགས་ཞིབ་ཕྲའི་གནས་སྟངས་ད་དུང་ཡང་གསལ་བོ་མ་ཤེས་པར་ལྷག་ཡོད་པ་དང་། གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ལྔ་ཕྱིན་གྲབས་འདུག་པས། ད་དུང་སྒྲ་ཙམ་ཡང་ཐོས་རྒྱུ་མིན་འདུག་ང་ཚོས་བླ་མ་དྲན་ནས་མིག་ཆུ་ཡང་ཡང་ཤོར་གིན་འདུག་ཅེས་བོད་ནས་འབྲེལ་ཡོད་ཁག་གཉིས་ནས་འདྲ་པར་དང་བཅས་འགྲེལ་བརྗོད་གནང་འདུག
གྲྭ་དཀོན་མཆོག་ཉི་མ་ལགས་ནི་རང་ལོ་༤༤ཡས་མས་སུ་ཡིན་པ་དང་དགེ་བཤེས་ཆེན་མོ་ཞིག་ཡིན་པས་མ་ཟད། ལྷ་ས་འབྲས་སྤུངས་དགོན་པའི་དཔེ་ཁྲིད་དགེ་རྒན་རྩེ་གྲས་ཀྱི་ཁོངས་རེད་འདུག།