ཞྭ་མོ་ནག་པོའི་ལས་འགུལ་བ་རྣམས་ཀྱིས་རྒྱལ་ཚོགས་དང་རྒྱ་གར་གྱི་སྲིད་བློན་ལ་བོད་དོན་རྒྱབ་སྐྱོར་ཡོང་བའི་ཞུ་སྙན་ཕུལ་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཞྭ་མོ་ནག་པོའི་ལས་འགུལ་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཇུག་སྒྲིལ་གནང་པ་དང་འབྲེལ། ཕྱི་ཟླ་ ༤ ཚེས་ ༢༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། རྒྱ་གར་གྱི་སྲིད་བློན་མོ་དྷིའི་ལས་ཁུངས་གཉིས་སུ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་དགོས་འདུན་དོན་ཚན་བཞི་ཅན་གྱི་ཞུ་སྙན་ཞིག་ཕུལ་འདུག

དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས། ཐེངས་འདིར་ཉིན་གྲངས་ ༢༥ ཙམ་རིང་གི་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་མཇུག་སྒྲིལ་གནང་པ་དང་འབྲེལ། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Jantar Mantar དུ་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་དང་། གསར་འགོད་པ་ཐུག་འཕྲད་ཀྱིས་དྲིལ་བསྒྲགས་གནང་ཡོད་ཅིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། རྒྱ་གར་གྱི་སྲིད་བློན་ན་རནདྲ་མོ་དྷིའི་ལས་ཁུངས་གཉིས་སུ། ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་གཏན་འབེབས་བྱས་པ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་ངོས་ལེན་མེད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གར་གཞུང་ངོས་ནས་ཁྲིམས་ཡིག་དེར་ངོས་ལེན་མ་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག་པར། ཞྭ་མོ་ནག་པོའི་ལས་འགུལ་གྱི་དམིགས་ཡུལ་དོན་ཚན་བཞི་ཅན་གྱི་ཞུ་སྙན་ཕུལ་བ་དེར་འབྲེལ་ཡོད་ལས་བྱེད་ཀྱིས་བོད་དོན་ཐོག་ལ་མུ་མཐུད་ཕྱག་རོགས་གནང་རྒྱུ་ཡིན་པ་གསུངས་བྱུང་ཞེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཁོང་གིས་མུ་མཐུད་གསུངས་པ་ལྟར་ན། ཞྭ་མོ་ནག་པོའི་ལས་འགུལ་དེའི་བརྒྱུད་རྒྱ་གར་གྱི་མངའ་སྡེ་བཞིའི་ནང་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་ཆིག་ཁྲི་ལྔ་སྟོང་ལྷག་འགྲེམས་སྤེལ་གནང་པ་དང་། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ ༢༠༠ ཙམ་ལ་བོད་དོན་ངོ་སྤྲོད་གནང་ཐུབ་པ་བྱུང་ཡོད་པས། ལས་འགུལ་བ་ཚོས་སྐུ་ལས་བསྐྱོན་པ་བཞིན་ལས་འགུལ་དང་འབྲེལ་བའི་དྲིལ་བསྒྲགས་ཧ་ཅང་ཚགས་ཚུད་བྱུང་སྐོར་བརྗོད་བྱུང་།

ཞྭ་མོ་ནག་པོའི་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་སྦིར་ནས་ཡིན་པ་བློ་གྲོས་དཔལ་ལྡན་ལགས་ཀྱིས། ཐེངས་འདིའི་གོམ་བགྲོད་ཀྱི་ལས་འགུལ་ཐོག་དགུང་ལོ་བགྲེས་པ་དང་། ལུས་པོ་བདེ་ཐང་མེད་པའི་ནད་པ་བཅས་ཀྱིས་མཉམ་ཞུགས་གནང་བ་དེ་ནི་གཞོན་སྐྱེས་རྣམས་ལ་དམིགས་དཔེ་ཞིག་མཚོན་གྱི་ཡོད་པས། བོད་དོན་འཐབ་རྩོད་མུ་མཐུད་གནང་དགོས་གལ་ཆེ་བ་མཐོང་གི་འདུག་ཅེས་གསུང་གི་འདུག་ལ། རྡ་རམ་ས་ལ་ནས་ཡིན་པ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས། ལས་འགུལ་བ་རྣམས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་པའི་སྐབས་དེར་སྣེ་ལེན་ཞུ་མཁན་མི་མང་ཧ་ཅང་མང་པོ་ཕེབས་ཡོད་པ་མཐོང་བ་ཙམ་གྱིས། བོད་དོན་གྱི་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་པར་འགྱོད་པ་མེད་པའི་ཚོར་བ་ཤུགས་ཆེ་བྱུང་ཞིང་། ཁོང་གི་མི་ཚེའི་ནང་བོད་དོན་ཐོག་ལས་ཀ་ཡག་ཤོས་ཤིག་བྱས་པའི་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༡ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་འཛུགས་ཞུས་པའི་ཞྭ་མོ་ནག་པོ་ཞེས་པའི་ཟླ་བ་གཅིག་མིན་ཙམ་གྱི་གོམ་བགྲོད་ཀྱི་ལས་འགུལ་དེའི་དགོས་འདུན་གཙོ་བོ་ནི། རྒྱ་ནག་གཞུང་གིས་ཉེ་ལམ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ལ་ངོ་རྒོལ་དང་། ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་ལས་དོན་མཚམས་འཇོག་དགོས་པ། རྒྱ་གར་གཞུང་མང་གཉིས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བཀྲིན་རྗེས་དྲན་ཞུ་ཆེད་དུ་དམིགས་པ་ཞིག་འདུག་ཅིང་། གོམ་བགྲོད་ཀྱི་ལས་འགུལ་དེའི་ནང་། རྒྱ་གར་གྱི་ས་གནས་ཁག་ ༢༠ ནས་ལས་འགུལ་བ་ ༦༥ ཙམ་གྱིས་མཉམ་ཞུགས་གནང་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
