ཟླ་ ༤ ཚེས་ ༢༦ ཉིན་འདི་ནི་བཙན་བྱོལ་བོད་མིའི་ཁྲོད་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ཉིན་མོ་འདི་འཁེལ་ཡོད། ཨ་རིའི་རྒྱལ་སའི་མངའ་ཁུལ་ལ་མཚོན་ན། འོས་བསྡུའི་ཉིན་མོར་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་གངས་ལྗོངས་ཆོས་རིག་དར་རྒྱས་གླིང་དུ་འོས་བསྡུའི་ས་ཚིགས་གཙོ་བོ་འདི་ཆགས་ཤིང་། ཞོགས་པའི་ཕྱག་ཚོད་དགུ་པ་ནས་འོས་བསྡུའི་ཕྱག་ལས་ཁག་དབུ་བཙུགས་གནང་སྟེ། འོས་འཕེན་མཁན་ལ་ས་གནས་འོས་བསྡུའི་ཚོགས་ཆུང་གི་མི་སྣ་ཚོས་འབྲེལ་ཡོད་འོས་བསྡུའི་འགྲོ་སྟངས་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་བཞིན་འདུག
ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་ས་གནས་འོས་བསྡུའི་འགན་འཛིན་ནམ་མཁའ་བསྟན་འཛིན་ལགས་ཀྱིས། ད་རེས་ནི་སྔར་དང་མི་འདྲ་བར་འོས་མིར་འོས་འཕེན་པའི་སྐབས་སུ་མཚན་རྟགས་རྒྱག་རྒྱུ་སོགས་མེད་པར། རང་ཉིད་ཀྱིས་འོས་འཕེན་སའི་འོས་མི་འདིའི་ཨང་གྲངས་དང་མཚན་སོགས་ཐིག་གི་ནང་ལ་ཐམ་ག་བསྐྱོན་ན་འགྲིག་གི་ཡོད། ཡིན་ན་ཡང་གཉིས་ཀྱི་སྟེང་བསྐྱོན་ན་རྩིས་མེད་འགྲོ་གིན་ཡོད། དེར་བརྟེན་དོ་སྣང་གནང་དགོས་པ་ནི་སོ་སོས་འོས་འཕེན་སའི་འོས་མིའི་ཐིག་ཏག་ཏག་འདིའི་ཐོག་ཐམ་ག་འདི་བསྐྱོན་དགོས་ཀྱི་ཡོད་ཅེས་གསུངས་བྱུང་།

ཨ་རིའི་རྒྱལ་སའི་ཁུལ་དུ་ཆ་མཚོན་ན། བོད་མི་བཞི་བརྒྱ་ལྷག་ཙམ་ཞིག་རྒྱལ་སའི་མངའ་ཁུལ་དུ་བཞུགས་ཀྱི་ཡོད་ཅིང་། འོས་བསྡུའི་དེབ་སྐྱེལ་གནང་མཁན་མི་གསུམ་བརྒྱ་ལྷག་ཙམ་བྱུང་ཡོད་པ་དང་། ད་རེས་འོས་འཕེན་པར་ཕེབས་མཁན་ནང་དུ་རྒན་དར་གཞོན་གསུམ་མཇལ་རྒྱུ་འདུག
ཤེས་རབས་ལགས་ཀྱིས་གསུངས་པར། ད་རེས་ཀྱི་འོས་འདི་གལ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འདི་ནི་བྱང་དང་ལྷོ་ཨ་རི་གཉིས་ཀའི་སྐུ་ཚབ་གནང་མཁན་ཞིག་ཆགས་ཡོད། མི་སུ་ལ་ཐོབ་མིན་ལ་མ་བལྟོས་པར། ངའི་བསམ་ཚུལ་ལ་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་གཞི་བཟུང་འབད་བརྩོན་བྱེད་ཐུབ་མཁན་ཞིག་དང་། བོད་པ་སྤྱི་ཡོངས་ལ་དཀའ་ངལ་གང་འཕྲད་ཀྱང་ཐུགས་འགན་བཞེས་ཐུབ་མཁན་ཞིག འདི་ནས་བོད་པ་ས་གནས་གང་སར་གནས་ཡོད་དུས་བོད་པའི་རྩ་དོན་དང་སྤྱི་ཡོངས་ལ་འབད་བརྩོན་བྱ་ཐུབ་མཁན་འདི་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་།
ད་རེས་འོས་བསྡུའི་ནང་བྱང་ཨ་རིའི་ཁུལ་དུ་མཚོན་ན། སྤྱི་འཐུས་མི་སྣ་གཉིས་འོས་འདེམས་གནང་དགོས་དུས་འོས་འཕེན་མཁན་གྱི་ཁྲོད་ནས་སྤྱི་འཐུས་འདི་འོས་བསྡུའི་བརྒྱུད་རིམ་ནང་གལ་ཆེན་པོ་ཆགས་ཡོད་པ་དང་། ད་ལོའི་སྔོན་འགྲོའི་འོས་བསྡུའི་སྐབས་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་བརྒྱ་ཆ་དྲུག་ཅུ་ཡན་ཐོབ་ནས་དངོས་གཞི་འོས་བསྡུའི་ནང་བཞུགས་མི་དགོས་པར་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་ཡོད་ཅིང་། བྱང་ཨ་རིའི་ནང་སྤྱི་འཐུས་ཀྱི་འོས་བསྡུ་འདི་གཙོ་བོ་ཆགས་ཡོད་པས། རང་ཉིད་ཀྱི་ཡིད་ཆེས་རུང་བའི་སྤྱི་འཐུས་གང་འདྲ་དགོས་མིན་སོགས་འབྲེལ་ཡོད་སྐོར་ལ་ངོ་སྤྲོད་གནང་མཁན་བྱུང་།

བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་ང་ཚོ་ནི་སྐྱབས་བཅོལ་བ་ཡིན་དུས་མི་དམངས་ལ་སོ་སོར་ལས་འགན་ཞིག་ཡོད་པ་འདི་ཁུར་དགོས་པས་ངས་འོས་འཕེན་པར་ཡོང་བ་ཡིན་ཞེས་གསུངས་བྱུང།
ཡང་བསྟན་འཛིན་ནོར་བུ་ལགས་ཀྱིས་ང་ཚོའི་སྤྱི་འཐུས་གཉིས་ཀྱི་ལས་འགན་ནི་ཨ་རིའི་ནང་བོད་པ་ཚོ་ཁ་ཐོར་གྱི་གནས་སྟངས་ཤིག་ཡིན་པ་དང་། ང་ཚོ་ཆིག་སྒྲིལ་བཟོ་རྒྱུ་འདི་གལ་ཆེན་པོ་མཐོང་གི་འདུག་ལ། ང་ཚོའི་སྤྱི་འཐུས་རྣམ་པ་གཉིས་ཀྱིས་མི་དམངས་ཀྱི་སྐུ་ཚབ་གནང་སྟེ་རྒྱ་གར་ལ་བོད་གཞུང་གིས་ག་རེ་ཐག་ཆོད་པ་ཡིན་ན་ཡང་ང་ཚོའི་སྐུ་ཚབ་བཞིན་གནང་རྒྱུ་འདི་གལ་ཆེན་པོ་མཐོང་གི་འདུག་ཅེས་དང་། དེ་བཞིན་བསྟན་འཛིན་གཡུ་སྒྲོན་ལགས་ཀྱིས། འོས་ཤོག་འཕེན་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཚོ་ད་ལྟ་འདིར་འགྲོ་བ་མིའི་ཐོབ་ཐང་ཡོད་རེད། འདི་༧གོང་ས་མཆོག་གིས་གསོལ་རས་གནང་པ་ཞིག་ཡིན་པས། ད་རེས་འོས་མ་འཕེན་ན་ཧ་ཅང་ཕམ་པོ་རེད་བསམ་གྱི་འདུག ད་ལྟ་ངས་འོས་འཕེན་སའི་མི་གཉིས་འདིས་ང་ཚོའི་བསམ་ཚུལ་གང་ཡོད་པ་འདི་གྲོས་ཚོགས་ནང་གླེང་ཐུབ་པ་དང་། གྲུབ་འབྲས་ཡག་པོ་ཐོན་ཐུབ་མཁན་གྱི་མི་ཞིག་ལ་འོས་འཕངས་པ་ཡིན་ཞེས་གསུངས་བྱུང་།
ད་རེས་ཚེས་ ༢༦ ཉིན་གྱི་དགོང་དྲོའི་ཕྱག་ཚོད་དྲུག་པའི་ཐོག་འོས་བསྡུ་མཇུག་བསྒྲིལ་གནང་ཡོད་ཅིང་། ཚེས་ ༢༨ རེས་གཟའ་མིག་དམར་གྱི་ཉིན་གྲངས་བཤེར་གནང་རྒྱུ་དང་། ཚེས་ ༢༩ ཉིན་ལྷོ་བྱང་ཨ་རིའི་འོས་བསྡུ་ཡོངས་རྫོགས་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ལ་ཡོད་པའི་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ས་གནས་འོས་བསྡུའི་ཚོགས་ཆུང་གིས་ཟུར་དཔང་ཡོད་ཐོག་ནས་གྲངས་བཤེས་གནང་གི་ཡོད་འདུག
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
