སྲིད་འཛིན་ཊམཔ་མཆོག་གིས་ཞི་ཅིན་ཕིང་དང་མཉམ་དུ་གྲོལ་མོལ་སྐབས། བོད་ཀྱི་གནད་དོན་ཐོག་ལ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་མཆོག་ཕྱི་ཟླ་ ༥ ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་གཉིས་ཀྱི་རིང་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕྱོགས་ཕེབས་གནང་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་མོལ་གནང་གི་ཡོད་པའི་ཉིན་བཞིའི་གོང་། ཨ་རིའི་ནིའུ་ཡོག་དང་ནིའུ་འཇར་ས་གནས་གཞོན་ནུ་ལྷན་ཚོཊ་ཀྱིས་གོ་སྒྲིག་འོག་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བོད་མི་བརྒྱ་མིན་ཙམ་ཞིག་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་། ཨ་མི་རི་ཀར་རང་བཙན་ཐོབ་སྟེ་འདི་ལོ་བགྲང་བྱ་ ༢༥༠ འཁོར་བར་འཚམས་འདྲི་ཞུས་པ་མ་ཟད། ཨ་རིའི་གཞུང་མང་གིས་བོད་ཀྱི་གནད་དོན་ཐོག་ལ་རྒྱབ་སྐྱོར་དང་བོད་དོན་ཐད་སྔ་རྗེས་ཁྲིམས་ཡིག་གཏན་འབེབས་གནང་སྟེ་བོད་དོན་ཐོག་ལ་མངོན་ཐོན་གྱི་རྒྱབ་སྐྱོར་གནང་པར་བཀྲིན་ཆེ་ཞེས་ཞུ་ཕྱིར་བཅར་ཡོད་པ་མ་ཟད། སྲིད་འཛིན་ཊམཔ་མཆོག་གི་མཚན་འཁོད་སྙན་ཞུ་ཞིག་ཕུལ་ཟིན་ཡོད་པ་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་ཀྱིས་གསུངས་ཤིང་། སྙན་ཞུ་དེའི་ནང་ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་ཕེབས་སྐབས་བོད་ཀྱི་གནད་དོན་ཐོག་ལ་དོན་དམ་གྱི་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད་འདུག
བོད་དོན་ལས་འགུལ་དེའི་དགོས་དམིགས་གཙོ་བོ་ནི། ཨ་རིའི་སྲིད་འཛིན་མཆོག་ལ་བདེན་དོན་དང་། དྲང་བདེན། བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། འཚེ་མེད་ཞི་བའི་གྲོས་མོལ་ལ་རྒྱབ་སྐྱོར་དང་། བོད་མི་ཚོར་རྒྱ་ནག་གིས་དྲག་གནོན་བྱེད་བཞིན་པ་ལས་སྐྱོབ་ཐབས་གནང་དགོས་པའི་འབོད་སྐུལ་ཞུ་ཆེད་དུ་དམིགས་ཡོད་པ་ཡིག་ཐོག་ནས་འགྲེམས་སྤེལ་གནང་སོང་།

དེ་བཞིན་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་གཞོན་ནུའི་ཚོགས་གཞོན་བཀྲིས་དོན་གྲུབ་ལགས་ཀྱིས། བོད་ཀྱི་གནད་དོན་ནི་གཞི་རྒྱ་ཆེན་པོ་དང་གཏིང་གཟབ་ཆགས་ཡོད་པ་འདི་དག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་མཉམ་དུ་གྲོས་བསྡུར་གནང་རོགས་ཞུ་རྒྱུ་དང་། བོད་ནང་བོད་མིའི་བདག་དབང་དང་འགྲོ་བ་མིའི་ཐོབ་ཐང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་དབུས་པའི་ཆབ་སྲིད་བཙོན་པ་མང་དག་ཅིག་ཡོད་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་ཐོངས་དགོས། བོད་ཀྱི་རང་དབང་རང་བཙན་གྱི་གནས་བབ་སྤྲད་དགོས་པ་བཅས་ཀྱི་ཐོག་ལ་ཤུགས་གནོན་བསྐྱོན་རོགས་ཞེས་སྲིད་འཛིན་ཊམཔ་ལ་འབོད་སྐུལ་ཞུ་གི་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ལས་འགུལ་འདི་ནི་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་གཞོན་ནུའི་ཟླ་བ་འཆར་ཅན་གྱི་ཚེས་བཅུའི་ལས་འགུལ་གྱི་ཆ་ཤས་ཞིག་རེད་འདུག་ལ། རྒྱ་ནག་གཞུང་ཚབ་ནས་ཌུ་པཱོན་སྒོར་ཚུགས་བར་སྤེལ་བའི་ཞི་བའི་ཁྲོམ་སྐོར་གྱི་ལས་འགུལ་ནང་ཨ་རིའི་རྒྱལ་སའི་མངའ་ཁུལ་དང་། ཧྥི་ལེ་ཌེལ་ཕི་ཡ་བཅས་ནས་བོད་མི་རྒན་གཞོན་ཁག་ཅིག་གིས་མཉམ་ཞུགས་གནང་འདུག
ལས་འགུལ་ནང་ཞུགས་པའི་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་སྲིད་འཛིན་ཊམཔ་གྱི་གཞུང་འཛིན་སྐབས་གཉིས་པའི་ལས་ཡུན་འདིར། ཨ་རིས་རྒྱ་ནག་ལ་ཡིད་ཆེས་བྱེད་འོས་པ་ཞིག་ཡོད་མ་རེད། རྒྱ་ནག་གིས་ཨ་རིར་སྟངས་འཛིན་བྱེད་རྒྱུའི་འདོད་ཕྱོགས་འཛིན་གྱི་ཡོད་རེད་ཅེས་ཉེན་བརྡ་བཏང་པའི་ཡིག་བྱང་བསྣམས་ཏེ། ད་ལྟའི་ཆར་བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་འདིང་ཆའི་སྟེང་གླེང་སློང་བྱེད་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་སྟབས། ནན་ཏན་གྱིས་བཀའ་མོལ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་བཀའ་མོལ་གནང་པ་ཙམ་མིན་པར། རྒྱ་ནག་འདི་ཉིད་རྒྱལ་སྤྱིའི་ནང་སྟོབས་ཆེར་གྱུར་བཞིན་པ་ཚང་མས་ཤེས་གསལ་ལྟར། བོད་ཀྱི་གནད་དོན་གང་ཅིའི་ཐད་གླེང་སློང་ཡོང་ཐབས་གནང་དགོས་ཀྱི་འདུག་ཅེས་བརྗོད་བྱུང་།
རང་ལོ་ ༡༧ ཡིན་པའི་ཨོ་རྒྱན་ལྷ་མོ་ལགས་ཀྱིས། དེ་རིང་འདིར་ཡོང་བ་ནི་ངས་བོད་པ་ཚང་མའི་ངོ་ཚབ་མཚོན་ཆེད་ཡིན། ནིའུ་ཡོག་དང་ནིའི་འཇར་སི་བཅས་ས་གནས་ཁག་ཅིག་ནས་བོད་པ་མང་པོ་ཞིག་རེ་བ་དང་དམིགས་ཡུལ་གཅིག་མཚུངས་ཀྱི་ཐོག་ནས་ཕེབས་ཡོད་པ་རེད། ང་ཚོ་བོད་པ་ཚོར་དོ་སྣང་གནང་པའི་རེ་བ་བྱེད་ཀྱི་ཡོད། ང་ཚོ་བོད་མི་ཚོར་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གིས་གལ་ཆེར་རྩིས་ཀྱི་ཡོད་མ་རེད། དེ་འདྲ་སོང་ཙང་ང་ཚོའི་གནད་དོན་ལ་ངོས་འཛིན་དང་དོ་སྣང་དགོས་ཀྱི་འདུག ང་ཚོའི་གནད་དོན་ད་ལྟ་གསོན་པོར་གནས་ཡོད། ང་ཚོ་ལ་རང་དབང་ཡང་དགོས་ཀྱི་ཡོད་ཅེས་བརྗོད་བྱུང་།
རང་ལོ་ ༡༨ ཡིན་པ་ཧྥི་ལེ་ཌེལ་ཕི་ཡ་ནས་ཕེབས་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས། བོད་མིའི་རང་དབང་མེད་པར་ལོ་ ༥༠ ལྷག་སོང་ཡོད་པས་ད་ཆ་བོད་ཀྱི་སྐོར་ལ་བཀའ་མོལ་གནང་གི་མི་འདུག བོད་ལ་རང་དབང་ཐོབ་མེད། བོད་ནང་བོད་མི་མང་པོར་སྡུག་སྦྱོང་མྱོང་བཞིན་ཡོད། བོད་ཀྱི་གནད་དོན་ཐད་བཀའ་མོལ་གནང་རྒྱུ་འདི་ང་ཚོ་བོད་མི་འཐབ་རྩོད་པ་ཚོས་ཧ་ཅང་གལ་ཆེན་པོར་རྩི་ཡི་ཡོད་ཅེས་གསུངས་བྱུང་།
ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་མཆོག་ད་རེས་རྒྱ་ནག་ཏུ་ཕྱོགས་ཕེབས་གནང་རྒྱུ་འདི་ནི་ཕྱི་ལོ་ ༢༠༡༧ རྗེས་སུ་ཐོག་མར་འགྱུར་རྒྱུ་ཡིན་ཞིང་། འདི་ལོའི་སྟོན་དུས་སུ་རྒྱ་ནག་གི་སྲིད་འཛིན་ཨ་རིར་རྒྱལ་དོན་ལྟ་སྐོར་ལ་འབྱོར་རྒྱུ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༡༡ ནང་རྒྱ་ནག་གི་ཤན་ཊན་གྲོང་ཁྱེར་དུ་འཚོགས་འཆར་ཡོད་པའི་ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་སྦྲེལ་ལྷན་ཚོགས་ (APEC) ཀྱི་ཐོག་སྲིད་འཛིན་ཊམཔ་མཆོག་ཕེབས་སྲིད་པའི་སྔོན་དཔག་གནང་མཁན་ཡང་ཡོད་པ་རེད།།
ཁ་སྣོན་གསར་འགོད་དང་པར་ལེན་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
