བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་མར་རྒྱ་གར་རྒྱལ་ས་ལྡི་ལིའི་ཨ་པོ་ལོ་སྨན་ཁང་དུ་གཤགས་བཅོས་གནང་བ་དང་འབྲེལ། ༧སྐུའི་འཕྲོད་བཞེས་ཀྱི་ཆེད་དུ་བོད་མི་འདུ་སྡོད་ས་གནས་གང་སར་ཞབས་རིམ་གསོག་སྒྲུབ་སོགས་གནང་བཞིན་པ་རེད་འདུག
དེ་ཡང་༧སྐུའི་ཞབས་པུས་སྨན་བཅོས་གནང་སའི་ས་གནས་ལྡི་ལིར་གནས་སྡོད་བོད་མི་རྣམས་ཀྱིས། ཟླ་ ༦ ཚེས་ ༨ དང་ ༩ གཉིས་སུ་ཞབས་རིམ་གསོག་སྒྲུབ་གནང་སྟེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའིའཕྲོད་བཞེས་གང་ལེགས་ཡོང་བའི་སྨོན་འདུན་ཞུ་ཡི་འདུག
ལྡི་ལིར་གནས་བཞུགས་ཚེ་རིང་ལྷ་མོ་ལགས་ཀྱིས་ངུ་སྒྲ་དང་བཅས། སེམས་གཏིང་ནས་༧གོང་ས་མཆོག་གི་༧སྐུའི་འཕྲོད་བཞེས་གང་ལེགས་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད་ཅེས་གསུང་གི་འདུག་ལ། བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། སྨོན་ལམ་གསུང་འདོན་འདིའི་ཐོག་མཉམ་ཞུགས་ཀྱིས། ༧སྐུའི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་ཡོད་པ་དེ་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ལམ་ཞུ་གི་ཀྱི་ཡོད་ཅེས་གསུངས་བྱུང་། ཡང་ལྡི་ལི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་ལྷ་མོ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་གནང་རྒྱུ་ཡིན་པ་གོ་མ་ཐག ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཁྱབ་ཁོངས་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག་ཉིན་གཉིས་རིང་ཞབས་རིམ་གསོག་སྒྲུབ་གནང་རྒྱུའི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པས། ༧གོང་ས་མཆོག་སྨན་བཅོས་ལེགས་གྲུབ་བྱུང་བ་གོ་སོང་བས། དེ་ནི་བོད་མི་ཙམ་མ་ཟད་༧གོང་ས་མཆོག་གི་དད་ལྡན་པ་ཡོངས་ལ་གཏམ་བཟང་གི་གནས་ཚུལ་ཞིག་རེད་ཅེས་གསུང་གི་འདུག

རྩ་བའི་ཟླ་ ༦ ཚེས་ ༨ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་མར་རྒྱ་གར་རྒྱལ་ས་ལྡི་ལིའི་ཨ་པོ་ལོ་སྨན་ཁང་དུ་གཤགས་བཅོས་ལེགས་གྲུབ་བྱུང་འདུག་ཅིང་། དེ་སྔ་ ༢༠༢༤ ཟླ་ ༦ ཚེས་ ༢༨ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཞབས་པུས་གཡས་པ་གཤགས་བཅོས་གནང་ཡོད་པ་རེད། དེ་ཡང་གཤགས་བཅོས་ལེགས་གྲུབ་བྱུང་མཚམས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་དང་། ༧སྐུ་བཅར་བོད་ལུཊ་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས། ༧སྐུ་བཅར་ཕྱི་ལུཊ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་བཅས་མཉམ་འདུས་ཀྱི་བརྙན་ལམ་བརྒྱུད་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་པའི་ནང་། ༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གསུངས་དོན་དུ། དེ་རིང་༧རྒྱལ་བ་རིན་པོ་ཆེ་མཆོག་ལྡི་ལིའི་ཨ་པོ་ལོ་སྨན་ཁང་དུ་ཞབས་པུས་གཡོན་ཕྱོགས་འདི་གཤགས་བཅོས་གནང་སྟེ་གཤགས་བཅོས་ལེགས་གྲུབ་ཡག་པོ་ཞེ་དྲགས་བྱུང་སོང་ཞེས་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་མཁྱེན་རྟོག་སླད་གཤགས་བཅོས་ལེགས་གྲུབ་བྱུང་པ་འདི་ཞུ་འདོད་བྱུང་། ཕྱི་ལོ་ ༢༠༢༤ ལོར་༧སྐུ་མདུན་གྱི་ཞབས་པུས་གཡས་པ་འདི་གཤགས་བཅོས་གནང་པ་རེད། འདི་འདྲ་ཡིན་དུས་ཞབས་པུས་གཉིས་ཀར་གཤགས་བཅོས་ལེགས་གྲུབ་ཡག་པོ་ཞེ་དྲགས་བྱུང་སོང་ཞུ་རྒྱུ་ཡིན། ད་ལྟ་གཤགས་བཅོས་གནང་གྲུབ་སྟེ་གཟིམས་ཆུང་ནང་ཡར་གདན་འདྲེན་ཞུས་ཟིན་པ་ཡིན། ད་རེས་འདིར་ཨ་པོ་ལོ་སྨན་ཁང་ནང་དུ་གཤགས་བཅོས་གནང་སྐབས་སུ་ལས་བྱེད་པ་སྒང་ནས་འོག་བར་དུ་ཚང་མས་ཐུགས་འཁུར་ཆེན་པོ་ཞེ་དྲགས་བཞེས་སོང་། དེ་འདྲ་ཡིན་དུས་འདིས་རྐྱེན་པས་གཤགས་འདི་ལེགས་གྲུབ་ཡག་པོ་བྱུང་སོང་ཞེས་གསལ་བསྒྲགས་གནང་འདུག
ཀ་རྡོར་སྒང་གསུམ།
སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་རྗེས་སྐུ་ཁམས་དྭངས་སྐྱེད་མྱུར་དུ་ཕེབས་ཕྱིར་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་གཙོས་བོད་མི་གནས་ཡུལ་ས་ཁུལ་ཕལ་ཆེ་བའི་ནང་ཞབས་རིམ་གསོག་སྒྲུབ་གནང་བཞིན་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད་དང་། འཕྲིན་ལས་ཆོས་སྒྲོན། པ་སངས་ཚེ་རིང་།
