འཇར་མན་གྲོས་ཚོཊ་ཀྱི་ཆོས་དད་རང་དབང་ལྷན་ཚོཊ་ཀྱི་ཚོགས་གཙོ་ཐོ་མཱསི་ར་ཁེལ་མཆོག་གིས་རྒྱ་ནག་གི་མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་འདུག
སྲིད་སྐྱོང་མཆོག་དང་འཇར་མན་གྲོས་ཚོགས་ཀྱི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ཐོ་མཱསི་ར་ཁེལ་གཉིས་མཇལ་མོལ་སྐབས་ཚོགས་གཙོས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་གི་ཡོད་པ་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་སྐབས་ ༡༧ པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་བཞེས་པའི་རྗེས་སུ་ཕྱི་རྒྱལ་ཁག་ཏུ་ཕྱོགས་ཕེབས་དང་པོ་དེ་ཕྱི་ཟླ་ ༦ ཚེས་ ༡༡ ནས་འཇར་མ་ནི་ནང་དུ་གནང་ཡོད་ཅིང་། ཁུལ་དེར་འཇར་མན་གྲོས་ཚོགས་ཀྱི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ཐོ་མཱསི་ར་ཁེལ་ (Thomas Rachel) དང་མཇལ་འཕྲད་གནང་པ་དང་། སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཤགས་བཅོས་ལེགས་གྲུབ་བྱུང་པའི་སྐོར་བཀའ་མོལ་བྱུང་ཞིང་། ཐོ་མཱསི་ར་ཁེལ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ངེས་པར་དུ་ཞུ་རོགས་ཞེས་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧གང་ཉིད་སྐུ་ཁམས་གསལ་ཐང་ཐོག་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་ཞུ་རོགས་གནང་ཞེས་ཞུས་འདུག་ལ། ཐོ་མཱསི་ར་ཁེལ་མཆོག་འཇར་མན་གྲོས་ཚོགས་ཀྱི་ཆོས་དད་རང་དབང་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པ་ཞིག་ཡིན་སྟབས། སྲིད་སྐྱོང་མཆོག་གིས་ཁོང་ལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྤྱི་དང་ཁྱད་པར་བོད་འདི་རྒྱ་ནག་གི་ཆ་ཤས་མིན་པའི་གྲུབ་བྱེད་རྣམས་ངོ་སྤྲོད་གནང་འདུག་ལ། རྒྱ་ནག་གཞུང་གིས་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་འདིས་བོད་མི་རིགས་རྩ་མེད་དུ་གཏོང་ཉེན་ཡོད་སྐོར་སྲིད་སྐྱོང་མཆོག་གིས་གསུངས་པར། ཚོགས་གཙོ་ར་ཁེལ་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་ཐུགས་འཚབ་ཡོད་པ་དང་། རྒྱ་ནག་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེར་མཐའ་གཅིག་ཏུ་དགག་པ་ཡོད་ཅེས་ཐོ་མཱསི་ར་ཁེལ་ལགས་ཀྱིས་གསུངས་སོང་ཞེས་སྲིད་སྐྱོང་དང་ལྷན་བཅར་ཡོད་པའི་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་བཞིན་ཡང་སྲིད་སྐྱོང་མཆོག་གིས་འཇར་མན་གྱི་གྲོས་ཚོགས་འཐུས་མི་དང་འཇར་མན་གཞུང་གི་ཤེས་རིག་དང་ཁྱིམ་ཚང་། བགྲེས་སོང་། བེུད། གཞོན་ནུའི་བློན་ཆེན་གཞོན་པ་ Michael Brand དང་ལྷན་དུ་མཇལ་མོལ་གནང་ཞིང་། བློན་ཆེན་གཞོན་པས་བོད་དོན་ཐོག་ལ་རྒྱབ་སྐྱོར་ཆ་ཚང་ཞུ་གི་ཡོད་པ་དང་། བོད་དང་བོད་མིར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་བརྗོད་གནང་འདུགསྲིད་སྐྱོང་མཆོག་ད་རེས་འཇར་མ་ནི་རུ་ཆེད་ཕེབས་གནང་དོན་གཙོ་བོ་གཅིག་ནི། འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་འཚོགས་པའི་རྒྱལ་སྤྱིའི་ཡུ་གུར་གླེང་སྟེགས་ཀྱི་ལྷན་ཚོགས་ཐོག་ཇི་ལྟར་མགྲོན་འབོད་ཞུས་པ་ལྟར་ཆེད་ཕེབས་གནང་པ་ཞིག་ཡིན་འདུག་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གོ་ལའི་དམར་ཐིག་ལ་ཚོད་ལྟ། བོད་དང་། ཤར་ཏུར་ཀིསི་ཐན། ཐའེ་ཝན་ཞེས་པའི་ཆེས་མཐོའི་བགྲོ་གླེང་གི་ལས་རིམ་ཐོག་ལྷན་ཞུགས་གནང་པ་དང་འབྲེལ། གྲོས་བསྡུར་དེར་ཡུ་རོབ་དང་ཨེ་ཤེ་ཡ་ནས་ཆབ་སྲིད་མི་སྣ་སྟེ་གནས་ཡོད་དཔོན་རིགས་མང་པོས་མཉམ་ཞུགས་གནང་ཡོད་ཅིང་། སྐབས་དེར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ཉེ་ཆར་ཅེག་གྲོས་ཚོགས་གོང་མའི་ནང་བོད་དོན་ཐོག་ལ་གྲོས་ཆོད་གཏན་འབེབས་གནང་པ་དེའི་གྲོས་འཆར་འདོན་མཁན་ Jiří Oberfalzer དང་། ཁེ་ན་ཌའི་ཁྱུ་སྦེག་གི་གྲོས་ཚོགས་འཐུས་མི། ཐའེ་ཝན་གྱི་གཞུང་ཚབ་པ། ཕ་རན་སི་གྲོས་ཚོགས་འཐུས་མི་ཁག་ཅིག འཇར་མན་གྱི་ཧེ་སན་ (Hesse) མངའ་སྡེའི་བློན་ཆེན་ཟུར་པ་ Roland Koch དང་། གཞན་ཡང་ Olivier Faure, Dr. Klement Ruey-sheng Gu དང་ Antoinette Guhl སོགས་དང་མཇལ་འཕྲད་གནང་འདུག

སྲིད་སྐྱོང་མཆོག་གིས་ཚོགས་འདུ་ཁག་གི་ཐོག་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་པའི་སྐབས། བོད་ས་ཡོངས་སུ་འཕྲུལ་རིག་ཡོ་ཆས་བཙུགས་པའི་རྒྱ་ནག་གི་ལྟ་སྲུང་དམ་དྲག་གི་སྐོར་ངོ་སྤྲོད་དང་འབྲེལ། བོད་མི་ཚོའི་གདོང་རིས་ངོས་འཛིན་བྱེད་པའི་འཕྲུལ་ཆས་དང་། རིགས་རྫས་ DNA བསྡུ་ལེན་བྱས་པ། དེ་བཞིན་གྲངས་ཐོ་དང་དྲ་རྒྱའི་ལྟ་ཞིབ་ལམ་ལུགས་སོགས་ཚུད་པའི་རྒྱ་ཆེའི་དམ་དྲག་ལྟ་ཞིབ་ཀྱི་འཕྲུལ་རིག་དེ་དག་བོད་ནང་སྤྱོད་བཞིན་ཡོད་པ་གསལ་བཤད་གནང་པ་མ་ཟད། འཕྲུལ་རིག་དེ་དག་རྒྱ་ནག་གི་ཕྱི་ཕྱོགས་སུ་ཡང་ཚོང་སྤེལ་བགོས་འགྲེམས་བྱེད་བཞིན་ཡོད་པས། འཛམ་གླིང་གི་མང་གཙོའི་སྤྱི་ཚོགས་གཞན་ལའང་ཚབས་ཆེའི་ཉེན་ཁ་བཟོ་གཞིར་འགྱུར་བའི་སེམས་འཚབ་བསྐྱེད་གཞི་ཡིན་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་ད་དུང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད། སྲིད་སྐྱོང་གིས་རྒྱ་ནག་གཞུང་གིས་བཀའ་རྒྱ་ཨང་ ༥ ལྟ་བུའི་སྒྲིག་གཞི་བརྒྱུད་ནས་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ལ་ཚོད་འཛིན་བྱེད་རྩིས་བྱེད་བཞིན་ཡོད་པ་དེ་ནི། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཀྱི་སྲོལ་རྒྱུན་དང་རྩ་བ་ནས་འགལ་བ་ཡིན་པར་བསྐྱར་དུ་ནན་བརྗོད་གནང་འདུག་ལ། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་གཏན་འབེབས་བྱེད་པའི་དབང་ཆ་དེ་༧གོང་ས་མཆོག་༧སྐུ་ཉིད་དང་། ༧གང་ཉིད་ཀྱི་ཡིད་ཆེས་དགེ་རྩ་ཁོ་ནར་ཡོད་ཅིང་། བོད་ཀྱི་ནང་བསྟན་གྱི་སྲོལ་རྒྱུན་ལྟར་མ་གཏོགས་དེ་མིན་སུ་ཞིག་ལའང་དབང་ཆ་མེད་པ་ནན་བརྗོད་གནང་འདུགསྲིད་སྐྱོང་མཆོག་གི་ཕྱོགས་ཕེབས་འདིའི་སྐབས། Tibet Initiative Deustchland ཞེས་འཇར་མཎ་བོད་དོན་ཚོགས་པའི་ལྷན་ཚོགས་ཐོག་ཚོགས་མི་རྣམས་དང་ལྷན་བཀའ་མོལ་གནང་ཞིང་། ས་གནས་སྦར་ལིན་དང་ཧྥརེང་ཕརཊི་བོད་རིགས་མི་མང་ལ་གསུང་བཤད་བཅས་ད་རེས་འཇར་མན་གྱི་ཕྱོགས་ཕེབས་འདིའི་རིང་མི་སྣ་མཇལ་འཛོམས་དང་ཚོགས་འདུ་ཁག་ ༡༢ ཙམ་གནང་ཡོད་པ་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལས་ཀྱིས་ངོ་སྤྲོད་གནང་བྱུང་།།
