དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྒན་ཆེན་ངག་དབང་འཕེལ་རྒྱལ་ལཊ་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༡ ཉིན་ཁོང་གི་བཞུགས་གནས་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་བཞུགས་གནས་སུ་དགོངས་པ་རྫོགས་འདུག་ཅིང་། དགུང་ལོ་ ༧༤ ལ་ཕེབས་ཡོད་པ་རེད།
ཕྱི་ཟླ་ ༦ ཚེས་ ༢༡ ཉིན་བཞུགས་སྒར་རྡ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སྲི་ཞུ་བ་ཡོངས་ཀྱིས་མྱ་ངལ་གུས་འདུད་དང་སྨོན་ལམ་གསུང་འདོན་གནང་སྟེ་རྗེས་དྲན་ཞུས་ཡོད་པ་རེད།

རྒན་ཆེན་ངག་དབང་འཕེལ་རྒྱལ་དམ་པ་ཁོང་ནི། ཕྱི་ལོ་ ༡༩༥༢ ལོར་བོད་མངའ་རིས་རུ་ཐོག་རྫོང་རྭ་སྤང་དུ་འཁྲུངས་པ་དང༌། ཕྱི་ལོ་ ༡༩༦༠ ལོར་ལ་དྭགས་སུ་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༡༩༧༢ ལོར་འཛིན་རིམ་བཅུ་གཅིག་གི་བསླབ་པ་མཐར་སོན་པ་དང་། སློབ་གྲྭ་ཐོན་རྗེས་ལྡི་ལིར་ལོ་གཅིག་རིང་དྲུང་ཡིག་གི་སློབ་སྦྱོང་གནང༌། ཕྱི་ལོ་ ༡༩༧༤ ཟླ་ ༧ ཚེས་ ༡༦ ཉིན་སྲི་ཞུ་བའི་ཁོངས་སུ་འཛུལ་ཞུགས་གནང་སྟེ་དཔལ་འབྱོར་ལས་ཁུངས་ཀྱི་གཞོན་དྲུང་དང༌། ཕྱི་ལོ་ ༡༩༨༣ ལོར་རྭ་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་ཀྱི་ལས་དྲུང་ལོ་གཅིག་དང་གཞིས་འགོའི་ལས་ཚབ་ལོ་གཅིག་ལྷག་ཙམ་གནང༌། གཞིས་འགོ་དང་། མཉམ་དྲུང༌། བཟོ་འགོ་བཅས་གཅིག་ལྕོགས་ཀྱི་ལས་ཁུར་བླངས། ཕྱི་ལོ་ ༡༩༩༣ ཟླ་ ༢ པའི་ནང་རྡོར་གླིང་གཏན་སློབ་ཀྱི་རེག་ཊར་དུ་གནས་སྤོས་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༧ ཟླ་བ་ ༣ པའི་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་དང་། ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས་གནང་སྟེ་འཛིན་སྐྱོང་ལས་ཁུར་གནང་།
ཕྱི་ལོ་ ༡༩༩༨ ཟླ་ ༡༡ ནང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དང་། ཕྱི་ལོ་ ༢༠༠༢ ལོར་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༥ ཟླ་ ༡༢ ཚེས་ ༡༦ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་བཞེས་པ་དང་། ཕྱི་ལོ་ ༢༠༠༩ ཟླ་བ་ ༡༠ ཚེས་ ༡༦ ཉིན་ཁྲིམས་ཞིབ་པ་ཆེ་བའི་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ ཉིན་ཁྲིམས་ཞིབ་པ་ཆེ་བའི་ལས་ཡུན་ལོ་ ༥ ཧྲིལ་པོ་གཙང་སྟེ་བགྲེས་ཡོལ་དུ་ཕེབས་ཡོད་པ་རེད།།
