བོད་དང་རྒྱ་གར་གྱི་ས་མཚམས་ཐད་རྒྱ་ནག་ལ་གྲོས་མོལ་བྱེད་པའི་དབང་ཆ་མེད་ཅེས་གསུངས་པ།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྒྱ་གར་དུ་སྦི་རིག་སི་ཚོགས་འདུར་མཉམ་ཞུགས་ཆེད་རྒྱ་གར་དུ་འབྱོར་གྱི་ཡོད་པ་རེད།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ཟླ་ ༦ ཚེས་ ༢༢ དང་༢༣ ཉིན་བྷི་རིག་སི་(BRICS)ཞེས་པའི་རྒྱལ་ཁབ་ལྔའི་དབུ་ཁྲིད་ལྷན་ཚོགས་ཀྱི་ (National Security Advisers’ Meeting) རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཆེས་མཐོའི་དཔོན་རིགས་ཀྱི་ཚོགས་འདུ་ཐེངས་ ༡༦ པ་འཚོག་རྒྱུ་ཡིན་པ་དེའི་ཐོག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) མཉམ་ཞུགས་བྱ་རྒྱུ་ཡིན་པ་དང་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། ཇི་སྲིད་བོད་རང་བཙན་མ་ཐོབ་བར་དེ་སྲིད་དུ་བོད་དང་རྒྱ་གར་ས་མཚམས་ཀྱི་གནད་དོན་རྩ་བ་ནས་སེལ་ཐབས་མེད་པ། བོད་དང་རྒྱ་གར་གྱི་ས་མཚམས་སྐོར་ལ་རྒྱ་ནག་གིས་ཐེ་བྱུས་བྱེད་པའི་ཐོབ་ཐང་མེད་ཅིང་། གལ་ཏེ་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་གནད་དོན་སྐོར་ལ་གྲོས་བསྡུར་དགོས་ན་ངེས་པར་དུ་བོད་དང་རྒྱ་གར་གཉིས་ཀྱིས་གྲོས་བསྡུར་ཐག་གཅོད་ཡོང་དགོས་པ་ལས་གཞན་སུ་ལའང་ཐེ་བྱུས་བྱེད་དབང་མེད་པའི་གསལ་བསྒྲགས་གནང་པ་དང་མཉམ། གཞོན་ལྷན་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་རྒྱ་གར་གཙོ་བོ་གྱུར་བའི་རྒྱལ་ཁབ་གཞན་ཁག་གི་འགོ་ཁྲིད་རྣམ་པས་རྒྱ་ནག་གིས་བོད་ནང་དུ་སྤེལ་བཞིན་བའི་མི་རོགས་རྩ་གཏོར་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་སྲིད་བྱུས་སོགས་ཐེར་འདོན་དགོས་པའི་རེ་སྐུལ་ཞུས་སོང་།

ཇི་སྲིད་བོད་རང་བཙན་མ་ཐོབ་བར་དེ་སྲིད་དུ་བོད་དང་རྒྱ་གར་ས་མཚམས་ཀྱི་གནད་དོན་རྩ་བ་ནས་སེལ་ཐབས་མེད་ཅེས་གསུངས། ༢༠༢༦།༦།༢༡
བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱི་གསར་འགོད་ལྷན་ཚོགས་སྐབས། ཇི་སྲིད་བོད་རང་བཙན་མ་ཐོབ་བར་དེ་སྲིད་དུ་བོད་དང་རྒྱ་གར་ས་མཚམས་ཀྱི་གནད་དོན་རྩ་བ་ནས་སེལ་ཐབས་མེད་ཅེས་གསུངས། ༢༠༢༦།༦།༢༡ (RFA Tibetan)

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Institute of Chinese Studies) རྒྱ་ནག་གི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་དང་ཉམས་ཞིབ་པ་ (Sreemati Chakrabarti) ལགས་དང་། འགན་འཛིན་གཞོན་པ་ (Hemant Adlakha) ལགས། ཉམས་ཞིབ་པ་ (Dr. Rityusha Mani Tiwary) ལགས་བཅས་ཀྱིས། ཐེངས་འདིའི་རྒྱ་གར་དུ་འཚོག་རྒྱུའི་བྷི་རིག་སི་ (BRICS) ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) མཉམ་བཞུགས་བྱས་པ་ཙམ་གྱིས། དེ་སྔ་ཕྱི་ལོ་ ༢༠༢༠ ནས་བཟུང་འཕགས་བོད་ས་མཚམས་གྷལ་ཝན་ལུང་གཤོངས་ (Galwan Valley) སུ་རྒྱ་དཀར་ནག་གི་མཐའ་སྲུང་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཛ་དྲག་ཏུ་གྱུར་རྗེས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་གྱི་འབྲེལ་ལམ་ད་ཆ་རིམ་བཞིན་བརྟན་ལྷིང་དུ་འགྲོ་བཞིན་པ་མཚོན་གྱི་ཡོད་ལ། ཚོགས་འདུར་མཉམ་ཞུགས་བྱས་པ་ཙམ་གྱིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་གང་ལེགས་ཏུ་གཏོང་རྒྱུར་འདོད་མོས་ཡོད་པ་མཚོན་གྱི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཉམས་ཞིབ་པ་ (Dr. Rityusha Mani Tiwary) ལགས་ཀྱིས། བོད་དོན་དང་འབྲེལ་བའི་གནད་དོན་སྐོར་ཚོགས་འདུ་དེའི་བརྒྱུད་བཀའ་མོལ་བྱུང་རྒྱུ་དཀའ་ཡང་། བོད་ནི་རྒྱ་གར་དང་རྒྱ་ནག་དབར་གྱི་ཚོར་བ་སྐྱེན་པའི་གནད་དོན་ཞིག་ཡིན་པས་རྒྱ་གར་རྒྱལ་ཁབ་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ལ་སྣེ་ལེན་བྱས་པ་དེར་རྒྱ་ནག་ངོས་ནས་གཟབ་ནན་གྱིས་དོ་སྣང་བྱེད་བཞིན་ཡོད་ལ། རྒྱ་གར་གཞུང་ངོས་ནས་ཀྱང་བོད་ཀྱི་གནད་དོན་བརྒྱུད་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་བར་དོ་ཕོག་མི་འགྲོ་བའི་གཙོ་འདོན་བྱེད་ཀྱི་ཡོད་པ་གསུང་གི་འདུག་ལ། རྒྱ་ནག་གི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ (Hemant Adlakha) ལགས་ཀྱིས། རྒྱལ་ཁབ་ཕྱོགས་གཉིས་ཀྱིས་བོད་ཀྱི་གནད་དོན་ཐོག་མུ་མཐུད་སྐད་ཆ་བཤད་ངེས་ཀྱང་བྷི་རིག་སི་ (BRICS)ལྟ་བུའི་ཚོགས་འདུའི་སྐབས་སུ་མ་ཡིན་པར། དེའི་ཕྱི་ལ་དེ་འབྲེལ་གྲོས་མོལ་བྱེད་ཀྱི་རེད་ཅེས་གསུང་གི་འདུག

(BRICS) ཞེས་པ་ནི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བྷ་ར་ཛིལ་དང་ར་ཤི་ཡ། རྒྱ་གར། རྒྱ་ནག ལྷོ་ཨ་ཕྷི་རི་ཀ་བཅས་ཀྱིས་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་གནད་དོན་ཐད་མཉམ་ལས་བྱེད་པའི་ཚོགས་པ་ཞིག་ཡིན་ཞིང་། འདས་པའི་ལོ་ཤས་ནས་བཟུང་ Egypt, Ethiopia, Iran, United Arab Emirates, Indonesia བཅས་ཀྱིས་ཚོགས་པ་དེའི་ནང་ལྷན་ཞུགས་བྱེད་བཞིན་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།