བཞུགས་སྒར་དུ་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་འཚོགས་པ།
ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༦ ཉིན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་སྟེ། མང་གཙོ་དང་། གྲོས་མོལ། དབུ་མའི་ལམ་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གྲངས་བཞིའི་རིང་གི་ཚོགས་འདུ་དབུ་འཛུགས་གནང་ཡོད་ཅིང་། ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི། བོད་རྒྱ་གཉིས་ཀྱི་འབྲེལ་བ་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། ལྷག་པར་དུ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དང་། མ་འོངས་པར་བོད་རྒྱའི་འབྲེལ་ལམ་སྔར་ལས་ཚད་མཐོ་རུ་གཏོང་ཕྱོགས་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་གནང་རྒྱུ་དེ་ཡིན་ཞེས། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་བསྟན་འཛིན་བཤེས་གཉེན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞན་ཡང་ཐེངས་འདིའི་ཚོགས་འདུའི་ཐོག་གི་ཚོགས་བཅར་བ་ཁག་ཅིག་གིས་བོད་རྒྱའི་དཀའ་རྙོག་སེལ་བར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གལ་གནད་སྐོར་ལ་དགོངས་ཚུལ་གསུངས་སྐབས། ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས། བོད་ནང་དུ་ཡོད་པའི་མདོ་དབུས་ཁམས་གསུམ་གྱི་བོད་མི་སྟོང་ཕྲག་མང་པོ་ད་ལྟའི་ཆར་རྒྱ་ནག་གཞུང་གི་བཙན་འོག་ཏུ་དཀའ་གདུག་མྱོང་བཞིན་ཡོད་པས། བཙན་བྱོལ་ནང་གི་གཞོན་སྐྱེས་གཙོ་བོར་བྱས་པའི་བོད་མི་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་བཀའ་དགོངས་བཞིན། ལྷག་བསམ་རྣམ་དག་གི་ཐོག་ནས་རྒྱལ་སྤྱིའི་ཐོག་བོད་དོན་བདེན་མཐའ་སེལ་ཏེ་རང་དབང་རང་སྐྱོང་ཐུབ་པའི་ཆེད་ཤུགས་བསྐྱོན་དགོས་རྒྱུ་གལ་ཆེ་ཡིན་པ་གསུང་གི་འདུག་ལ། ཏཱ་ལའི་བླ་མ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་ཡིན་པའི་སློབ་མ་ཚེ་རིང་བཀྲ་ཤིས་ལགས་ཀྱིས། ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་དང་བཙན་བྱོལ་བོད་མིའི་གནས་སྟངས།བོད་ནང་གི་གནས་སྟངས་ཆ་ཚང་ལ་བལྟས་པ་ན། དབུ་མའི་ལམ་གྱི་སྲིད་བྱུས་ཡག་ཤོས། བོད་རྒྱ་གཉིས་ཞི་མོལ་མ་ཐུབ་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་མེད་པས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡག་ཤོས་སུ་ངོས་འཛིན་གནང་གི་ཡོད་པ་གསུང་གི་འདུག

གཞན་ཡང་ཚོགས་འདུའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས། བོད་རྒྱ་འབྲེལ་བའི་ལོ་རྒྱུས་ཀྱི་གལ་གནད་སྐོར་གསུང་བཤད་གནང་སྐབས། རྒྱ་ནག་གཞུང་གིས་བོད་ཐོག་བདག་དབང་མེད་བཞིན་དུ་བོད་དེ་བཞིན་རྒྱ་ནག་གི་མངའ་ཁོངས་སུ་བསྡུས་ཐབས་ལ་རྒྱབ་སྐྱོར་ཐོབ་ཆེད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་དེ་འབྲེལ་གནོན་ཤུགས་སྤྲོད་མུས་ཡིན་པས། གནད་དོན་དེ་འབྲེལ་བོད་པའི་གཞོན་སྐྱེས་གཙོ་བོར་གྱུར་བའི་བོད་མི་ཡོངས་ཀྱིས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་སློབ་སྦྱོང་དང་རྒྱུས་ལོན་གྱིས་བརྒྱུད་སྤེལ་གནང་དགོས་གལ་ཆེ་ཞིང་། བོད་པའི་གཞོན་སྐྱེས་ཁྲོད་ནས་ཞིབ་འཇུག་དང་ཁྲིམས་ཐོག་ཆེད་སྦྱོང་གནང་མཁན་དགོས་ངེས་ཡིན་པ་སོགས་གསུངས་སོང་།
བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ། མང་གཙོ། གྲོས་མོལ། དབུ་མའི་ལམ་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གྲངས་བཞིའི་རིང་གི་ཚོགས་འདུ་འདིའི་ནང་ཡོ་རོབ་དང་། ཨ་རི། ཐའེ་ཝན། རྒྱ་གར་བཅས་ནས་ཕེབས་པའི་མཁས་དབང་དང་། ཉམས་ཞིབ་པ། སྲིད་དོན་དབྱེ་ཞིབ་པ་སོགས་ཁྱོན་ཚོགས་བཅར་བ་མི་གྲངས་ ༧༠ ལྷག་མཉམ་ཞུགས་ཐོག་བསམ་ཚུལ་བརྗེ་ལེན་སོགས་གནང་རྒྱུ་ཡིན་འདུག
པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
