སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་༧སྐུ་ཚབ་དོན་གཅོད་ཁང་ཁག་ཆ་ཚང་ལ། ས་གནས་ཀྱི་གཞུང་དང་། གྲོས་ཚོགས་འཐུས་མི། གནད་ཡོད་མི་སྣ་སོགས་སུ་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཐོག་ཞུ་གཏུག་གི་ཕྱག་བྲིས་འབུལ་དགོས་པ་མངགས་ཡོད་ཅེས་གསུངས་སོང་།
དེ་ཡང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་སྟེ། མང་གཙོ་དང་། གྲོས་མོལ། དབུ་མའི་ལམ་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གྲངས་བཞིའི་རིང་གི་བགྲོ་གླེང་ཚོགས་འདུའི་མཇུག་སྒྲིལ་གྱི་མཛད་སྒོར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ༢༠༢༦ ཕྱི་ཟླ་ ༧ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པའི་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དོན་ངོ་སྤྲོད་གནང་ཐོག བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་མངའ་དབང་ལྡན་པ་དང་རྒྱ་ནག་གིས་བཙན་བཟུང་བྱསཔའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དགོས་གལ་ཆེ་ཞིང་། ཁྲིམས་ཡིག་དེ་བཞིན་གཏན་འབེབས་ཟིན་མིན་ལ་མ་ལྟོས་པར་བོད་མི་རྣམས་ཀྱི་འཐབ་རྩོད་ལ་འགན་ཡོད་ན་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་ཀྱིས་བོད་དེ་བཞིན་རང་བཙན་གྱི་རྒྱལ་ཁབ་ཡིན་པ་བསྒྲུབ་དགོས་གལ་ཆེ་བ་གསུངས་སོང་།
ཐེངས་འདིའི་དབུ་མའི་ལམ་གྱི་ཚོགས་འདུའི་ཐོག་ཚོགས་བཅར་གནང་མཁན་ཁག་ཅིག་གིས་དེ་སྔ་ཁོང་རྣམས་ལ་དབུ་མའི་ལམ་གྱི་གོ་དོན་དེ་ཙམ་ཤེས་རྟོགས་མེད་ཀྱང་། ཚོགས་འདུ་དེའི་བརྗོད་གཞི་སྤྱི་ཡོངས་ཀྱི་གོ་རྟོགས་ཐུབ་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

དེ་ཡང་བསྟན་འཛིན་ནོར་བུ་ལགས་ཀྱིས། ཚོགས་འདུ་འདིའི་ཐོག་དབུ་མའི་ལམ་གྱི་གལ་གནད་ཤེས་རྟོགས་དང་འབྲེལ། དབུ་མའི་ལམ་དེ་བཞིན་རྒྱ་ནག་དང་མཉམ་བོད་པའི་བདེན་མཐའ་སེལ་ཆེད་ཀྱི་ཐབས་ལམ་བཟང་པོ་ཞིག་ཡིན་པ་ཤེས་པའི་ལེགས་སྐྱེས་བཟང་པོ་ཐོབ་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ལ། བསྟན་འཛིན་ཚེ་རིང་ལགས་ཀྱིས། དེ་སྔ་ཁོང་གིས་དབུ་བའི་ལམ་ཟེར་དུས་མཐའ་གཉིས་སུ་མ་ལྷུང་བ་ཞེས་གོ་ཐོས་བྱུང་བ་ཙམ་ལས། ཐེངས་འདིར་མཐའ་གཉིས་ཞེས་པ་དེ་ངོས་འཛིན་གསལ་པོ་ཐུབ་ཡོད་པ་གསུང་གི་འདུག
ཡང་བསམ་གྲུབ་ཆོས་འཕེལ་ལགས་ཀྱིས། ཚོགས་འདུ་དེའི་བགྲོ་གླེང་གི་བརྗོད་གཞི་ཁག་མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག་ཅིང་། གཙོ་བོ་རྒྱལ་སྤྱིའི་ཁྲོད་བོད་དོན་ཞུ་གཏུག་དང་། དྲྭ་ཐོག་བརྒྱུད་བོད་དོན་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་བློ་སྐྱེད་མང་པོ་བྱུང་ཡོད་པ་གསུང་གི་འདུག
རྩ་བའི་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་སྟེ། མང་གཙོ་དང་། གྲོས་མོལ། དབུ་མའི་ལམ་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གྲངས་བཞིའི་རིང་གི་ཚོགས་འདུ་འདིའི་ནང་ཡོ་རོབ་དང་། ཨ་རི། ཐའེ་ཝན། རྒྱ་གར་བཅས་ནས་ཕེབས་པའི་མཁས་དབང་དང་། ཉམས་ཞིབ་པ། སྲིད་དོན་དབྱེ་ཞིབ་པ་རྣམས་ཀྱིས་བོད་རྒྱ་གཉིས་ཀྱི་འབྲེལ་བ་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། ལྷག་པར་དུ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱའི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དང་། མ་འོངས་པར་བོད་རྒྱའི་འབྲེལ་ལམ་སྔར་ལས་ཚད་མཐོ་རུ་གཏོང་ཕྱོགས་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་གནང་འདུག་ཅིང་། ཚོགས་འདུ་དེའི་ཐོག་ཁྱོན་ཚོགས་བཅར་བ་མི་གྲངས་ ༧༠ ལྷག་མཉམ་ཞུགས་ཀྱིས་བསམ་ཚུལ་བརྗེ་ལེན་གནང་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།།
