དཀའ་ཆེན་བློ་བཟང་ཤེས་རབ་མཆོག་གདན་ས་བཀྲིས་ལྷུན་པོའི་མཁན་རིན་པོ་ཆེར་བསྐོ་གཞག་བསྩལ་པ།

དཀའ་ཆེན་བློ་བཟང་ཤེས་རབ་མཆོག་གདན་ས་བཀྲིས་ལྷུན་པོའི་མཁན་རིན་པོ་ཆེར་བསྐོ་གཞག་བསྩལ་པ།

ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་རྟགས་སྨིན་སྩོལ་བྱུང་སྟེ་བསྐོ་གཞག་མཛད་པ།

དཀའ་ཆེན་བློ་བཟང་ཤེས་རབ་མཆོག་གདན་ས་བཀྲིས་ལྷུན་པོའི་མཁན་རིན་པོ་ཆེར་བསྐོ་གཞག་བསྩལ་པ།

དཀའ་ཆེན་བློ་བཟང་ཤེས་རབ་མཆོག་གདན་ས་བཀྲིས་ལྷུན་པོའི་མཁན་པོར་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་རྟགས་སྨིན་སྩོལ་བྱུང་སྟེ་བསྐོ་གཞག་མཛད་པ་དང་། དཀའ་ཆེན་བློ་བཟང་ཤེས་རབས་མཆོག་ནི་བཀྲིས་ལྷུན་པོའི་མཁན་པོ་ཁྲི་ཐོག་དྲུག་པ་དེ་ཆགས་ཀྱི་ཡོད་པ་རེད། ཁོང་གིས་བཀྲིས་ལྷུན་པོའི་དགོན་པའི་དགེ་འདུན་པའི་སློབ་གཉེར་ཐོག་ཐུགས་འཁུར་རྐང་བཞེས་ཀྱིས་ཡུན་རིང་ནས་དཔེ་ཁྲིད་གནང་ཡོད་པ་རེད།

དཀའ་ཆེན་བློ་བཟང་ཤེས་རབ་མཆོག་མཁན་པོ་གསར་པར་ཐུགས་གཏན་འཁེལ་བ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་རྟགས་བཀའ་ཡིག དཀའ་ཆེན་བློ་བཟང་ཤེས་རབ་མཆོག་མཁན་པོ་གསར་པར་ཐུགས་གཏན་འཁེལ་བ། (RFA Tibetan)

ཁོང་གིས་གདན་སའི་མཁན་པོར་བསྐོ་གཞག་བྱུང་པའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཁན་པོའི་ཕྱག་རྟགས་བཀའ་ཡིག་ཕེབས་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་བྱིན་རླབས་དང་བསོད་ནམས་ཆེན་པོ་ཡིན་པའི་ཚོར་སྣང་དང་སྦྲགས་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཀྱིས་གང་ཐུབ་ཅི་ཐུབ་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་ཅེས་གསུངས་བྱུང་།

དཀའ་ཆེན་བློ་བཟང་ཤེས་རབ་མཆོག་གིས་ཕྱི་ལོ་ ༡༩༩༤ ནས་བཟུང་དགོན་པའི་ནང་དཔེ་འཁྲིད་ཀྱི་འགན་འཁུར་རྐང་བཞེས་ཀྱིས་ལོ་ངོ་ ༣༣ སོང་ཡོད་ཅིང་། ཁོང་གིས། འདི་ནི་ང་རང་གི་མི་ཚེའི་ནང་བྱས་རྗེས་ཆེན་པོ་ཡིན་བསམ་པའི་སེམས་ལ་དགའ་ཚོར་ཡོད་པ་མ་ཟད། མ་འོངས་པར་ཡིན་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་རྟགས་བཀའ་ཡིག་ནང་ཡོད་པ་གཞིར་བཟུང་བསྟན་པའི་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་།

དཀའ་ཆེན་བློ་བཟང་ཤེས་རབ་མཆོག་མཁན་པོ་ཁྲི་ཐོག་དྲུག་པར་ཐུགས་གཏན་འཁེལ་བ།
གདན་ས་བཀྲིས་ལྷུན་པོའི་མཁན་པོ་གསར་པ་དཀའ་ཆེན་བློ་བཟང་ཤེས་རབ་མཆོག དཀའ་ཆེན་བློ་བཟང་ཤེས་རབ་མཆོག་མཁན་པོ་ཁྲི་ཐོག་དྲུག་པར་ཐུགས་གཏན་འཁེལ་བ། (RFA Tibetan)

དཀའ་ཆེན་བློ་བཟང་ཤེས་རབ་ལགས་ཀྱི་དགེ་ཕྲུག་དང་ཡུན་རིང་དཀའ་ཆེན་ལགས་དང་ལྷན་དུ་བཞུགས་པའི་བཀྲིས་ལྷུན་པོའི་དཀའ་ཆེན་དཔལ་ལྡན་སེང་གེ་རིན་པོ་ལགས་ཀྱིས་ཁོང་གི་རྒན་ལགས་ལ་ཁྱད་ཆོས་དུ་མ་ལྡན་ཡོད་པ་གསུངས་བྱུང་། དེ་ཡང་ཁོང་གིས་གསུངས་དོན་དུ། རྒན་ལགས་འདུལ་བའི་བསླབ་ཁྲིམས་ཚུལ་བཞིན་སྲུང་གནང་མཁན་དང་མདོ་སྔགས་གཉིས་ཀྱི་ཉམས་ལེན་མཐར་ཕྱིན་གནང་མཁན་ཞིག་ཏུ་མ་ཟད། མཁས་བཙུན་བཟང་གསུམ་གྱི་ཁྱད་ཆོས་ལྡན་པའི་སྐྱེས་བུ་དམ་པ་ཞིག་རེད་ཅེས་གསུངས་བྱུང་། དཀའ་ཆེན་བློ་བཟང་ཤེས་རབ་ལགས་ནི་ལ་དྭགས་ཟངས་དཀར་དུ་ཕྱི་ལོ་ ༡༩༦༦ ལོར་སྐུ་འཁྲུངས་ཤིང་ཆུང་དུས་ལས་སྨོན་བཟང་པོའི་བག་ཆགས་ཀྱིས་ཆོས་ཞུགས་གནང་རྒྱུའི་ཐུགས་འདོད་ཡོད་པ་དང་ཡབ་ཡུམ་གཉིས་ཀྱིས་མོས་མཐུན་རྒྱབ་སྐྱོར་ལྟར་ཁོང་དགུང་ལོ་ ༡༣ ལ་ཕེབས་སྐབས་ལ་དྭགས་ཟངས་དཀར་དཀར་ཆ་བྱམས་གླིང་དགོན་པར་ཆོས་ཞུགས་གནང་པ་དང་ཕྱི་ལོ་ ༡༩༨༣ ལོར་དགུང་གྲངས་ ༡༧ ལ་ཕེབས་སྐབས་བཀྲིས་ལྷུན་པོའི་དགོན་པར་ཆོས་ཞུགས་ཀྱིས་གྲྭ་ཚང་གི་ནང་དགེ་བའི་བཤེས་གཉེན་དུ་མར་བསྟེན་གནང་སྟེ་མདོ་སྔགས་ཀྱི་གཞུང་ལུགས་ཁག་ལ་གསན་བསམ་སློབ་གཉེར་གནང་བའི་ཐོག་བཀྲིས་ལྷུན་པོའི་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཕྱག་བཞེས་ཁག་སྦྱང་བརྩོན་གནང་ཞིང་། ཕྱི་ལོ་ ༡༩༩༧ ལོར་ཁོང་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་སྤྲོད་ནང་ཞུགས་ཏེ་གྲུབ་འབྲས་ལེགས་སོན་གྱིས་སློབ་གཉེར་མཐར་ཕྱིན་གྱི་ལྷ་རམས་དགེ་བཤེས་སམ་བཀྲིས་ལྷུན་པོའི་དཀའ་ཆེན་རབ་འབྱམས་པ་ཐོན་ཐེངས་དང་པོའི་ཁོངས་སུ་ཡོད་འདུག

དཀའ་ཆེན་བློ་བཟང་ཤེས་རབ་ལགས་ཀྱིས་གདན་ས་གྲྭ་ཚང་གིས་ཇི་ལྟར་ཐུགས་རེ་གནང་པ་ལྟར། ཐའེ་ཝན་དང་ཉི་འོང་བཅས་སུ་དད་ལྡན་ནང་ཆོས་རྗེ་འབྲང་པ་ཚོར་ནང་ཆོས་ངོ་སྤྲོད་གནང་ཆེད་ཕྱོགས་ཕེབས་ཐེངས་འགའ་ཕེབས་པ་མ་གཏོགས་ཡུན་རིང་དགོན་པར་དགེ་འདུན་པ་རྣམས་ལ་དཔེ་ཁྲིད་གནང་ཞིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་སྐྱེས་ཆེན་དམ་པ་རྣམས་ཀྱི་དྲུང་ནས་དབང་ལུང་ཞུས་པ་གཞིར་བཟུང་གིས་ཁས་ལེན་གྱི་འདོན་ཆ་མང་པོ་ཉིན་ལྟར་གསུང་པ་དང་སྐུ་མཚམས་སུ་བཞུགས་པ་བཅས་མདོར་ན་བསྟན་པ་སྤྱི་སྒེར་གཉིས་ལ་སྨན་པའི་མཛད་འཁུར་བཞེས་གནང་མཁན་ཡིན་པ་ཁོང་དང་འབྲེལ་ཡོད་ཚོས་ངོས་འཛིན་གནང་བཞིན་འདུག་