བོད་མི་རྣམས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་གནང་པ།

འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་རྣམས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་པ།

འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་རྣམས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་པ།

མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེས་བོད་མིའི་སྐད་དང་རིག་གཞུང་ངོ་བོ་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཁོ་ན་ཆགས་ཀྱི་ཡོད་པས་བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་རྣམས་ཀྱིས་ས་གནས་གང་སར་དུས་གཅིག་ལ་ལས་འགུལ་སྤེལ་བཞིན་ཡོད་ལ། ལས་འགུལ་རྣམས་མཚམས་མ་བཞག་པར་མུ་མཐུད་་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞེས་གསུང་གི་འདུག

མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་གནང་པ། ༢༠༢༦།༧།༡
གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ལས་འགུལ་སྤེལ་བ། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་གནང་པ། ༢༠༢༦།༧།༡ (RFA Tibetan)

རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་དང་བསྟུན། བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཐུན་མོང་གིས་མེག་ལོ་གྷན་ཇི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཏེ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས། རྒྱ་ནག་གི་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཞེས་པའི་ཁྲིམས་ཡིག་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་། ངོས་ལེན་རྩ་ནས་མེད་ཅེས་ནན་བརྗོད་གནང་བ་དང་སྦྲགས། ཁྲིམས་ཡིག་དེས་བོད་མིའི་སྐད་དང་རིག་གཞུང་ངོ་བོ་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཁོ་ན་ཆགས་ཀྱི་ཡོད་པས། ཐེངས་འདིའི་ལས་འགུལ་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ནས་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་ཡོད་ཀྱང་། མུ་མཐུད་ནས་ཤུགས་ཆེ་ཙམ་དང་རྒྱ་ནག་ལ་ཁ་ཕྱོགས་པའི་ཐོག་ནས་གདུག་རྩུབ་ཀྱི་སྲིད་བྱུས་རྣམས་ཐེར་འདོན་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་གསུང་བྱུང་། མ་ཟད་ཁོང་གིས། གཞུང་ཁོངས་མིན་པའི་ཚོགས་པ་རྣམས་ཀྱིས་ས་གནས་གང་སར་དུས་གཅིག་ལ་ལས་འགུལ་སྤེལ་བཞིན་ཡོད་པས། ལས་འགུལ་རྣམས་དེ་རིང་མཚམས་བཞག་རྒྱུ་མ་ཡིན་པར་མུ་མཐུད་ལས་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པས་མང་ཚོགས་ངོས་ནས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་གནང་པ། ༢༠༢༦།༧།༡
རྡ་སར་རྔམ་སྟོན་ངོ་རྒོལ་སྤེལ་བའི་སྐབས། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་གནང་པ། ༢༠༢༦།༧།༡ (RFA Tibetan)

བཞུགས་སྒར་དུ་སྤེལ་བའི་ངོ་རྒོལ་གྱི་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ཁག་ཅིག་གིས། རྒྱ་ནག་གཞུང་གིས་ཐེངས་འདིར་དེ་ལྟ་བུའི་ཁྲིམས་ཡིག་གཏན་འབེབས་ཀྱི་སྲིད་བྱུས་ནི་མིང་སྙིང་རྗེ་མོ་ཞིག་གི་འོག་ཏུ་བོད་པའི་ངོ་བོ་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་ཤིག་ཡིན་པས་དེར་ངོས་ལེན་མེད་ཅེས་གསུང་གི་འདུག

དེ་ཡང་བསོད་ནམས་རྡོ་རྗེ་ལགས་ཀྱིས། བརྗོད་བྱ་སྙིང་རྗེ་མོ་ཞིག་སྟེ་འཛམ་བུ་གླིང་སྤྱིའི་མཐོང་ཚུལ་ལ་ཡར་རྒྱས་དང་མཐུན་སྒྲིལ་གོང་འཕེལ་གྱི་རྣམ་པ་སྟོན་རྒྱུ་ལས། དོན་དངོས་སུ་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ནི་བོད་པ་གཙོ་བོར་བྱས་པའི་གྲངས་ཉུང་མི་རིགས་རྣམས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཤིག་ཡིན་པས། སེམས་པས་མ་བཟོད་ནས་ངོ་རྒོལ་ལ་མཉམ་ཞུགས་ཆེད་བཅར་བ་ཡིན་ཞེས་གསུང་གི་འདུག་ལ། བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་བསམ་གཏན་ཆོས་སྒྲོན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་གཏོར་བཤིག་བྱེད་བཞིན་པ་མཚོན་པའི་པར་རིས་ཤིག་བརྒྱུད་ནས་འགྲེལ་བརྗོད་གནང་བ་དང་སྦྲགས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་ལས་འགུལ་འདིར་བཅར་བ་ཡིན་ཞེས་གསུངས་བྱུང་། ཡང་དགེ་འདུན་པ་ངག་དབང་ལེགས་འཚོ་ལགས་ཀྱིས། བོད་ནང་རྒྱ་ནག་གཞུང་གིས་སྡུག་སྦྱོང་ཚད་མེད་བཏང་བའི་རྐྱེན་གྱི་ཁོང་སྐྱེས་པ་ནས་བཟུང་སྐྱིད་པའི་ཉིན་མོ་མེད་ཅིང་། རྒྱ་ནག་གཞུང་གི་བོད་བཙན་བཟུང་བྱས་ཏེ་བོད་ནང་གཏེར་ཁ་བསྔོག་འདོན་སོགས་དུ་མ་བྱེད་བཞིན་པར་ངོ་རྒོལ་ཡོད་ཅེས་གསུང་གི་འདུག

ལ་དྭགས་སུ་བོད་མི་ཚོས་ངོ་རྒོལ་གནང་པ།

ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ས་གནས་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལག་བསྟར་འགོ་འཛུགས་བྱེད་པའི་ཉིན་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱལ་སྤྱིའི་མི་མང་གིས་འདིར་ངོ་རྒོལ་བྱེད་དགོས་པའི་སྐུལ་མ་བྱས་པ་དང་། བོད་མི་ཚོས་རང་ཉིད་ཀྱི་རིག་གཞུང་དང་སྐད་ཡིག་བཅས་བོད་མིའི་ངོ་བོ་བདག་གཅེས་དང་སྦྱང་བརྩོན་བྱེད་དགོས་པ་གལ་ཆེ་ཡིན་པ་གསུངས་འདུག

དེ་ཡང་ས་གནས་ཀྱི་བོད་པའི་གཞོན་སྐྱེས་བསྟན་འཛིན་དཔལ་སྐྱིད་ལགས་ཀྱིས་ད་ལྟའི་དུས་སུ་ཁོང་གི་མི་ཚེ་ནང་དམིགས་ཡུལ་གལ་ཆེ་ཤོས་དེ་བོད་ཡིག་བསྐྱར་དུ་སྦྱང་རྒྱུ་དེ་ཡིན་པ་གསུངས་བྱུང་། ཡང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེས་བོད་མིར་མི་རིགས་རྩ་མེད་གཏོང་བའི་ཁྲིམས་ཡིག་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ས་གནས་ཀྱི་གཞོན་སྐྱེས་་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས་གསུངས་བྱུང་ལ། དེ་ཡང་ཁོང་མོས་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཉེ་ཆར་ས་གནས་སུ་ཆེད་ཕེབས་ཀྱིས་བཀའ་སློབ་གནང་བའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བ་རྩ་མེད་གཏོང་ཕྱིར་སྲིད་བྱུས་ཇི་འདྲ་ཞིག་བཏིངས་ན་ཡང་བོད་མི་རྣམས་ནས་དེ་ལ་དམག་རྒྱབ་དགོས་མེད་པར་རང་གི་སྐད་དང་རིག་གཞུང་རྒྱུད་འཛིན་བྱེད་རྒྱུ་གལ་ཆེ་ཤོས་ཡིན་པ་གསུངས་སོང་ཞེས་ལུང་འདྲེན་གནང་སོང་།

ལ་དྭགས་སུ་ས་གནས་བོད་ཀྱི་བེུད་ལྷན་ཚོཊ་ཀྱིས་བསྒྲགས་གཏམ་སྤེལ་ཏེ་རྒྱ་ནག་གི་ཁྲིམས་གསར་ལ་ངོ་རྒོལ་གནང་པ། རྒྱལ་སྤྱིའི་མང་ཚོགས་ཀྱི་སྐྱོན་བརྗོད་དགོས་པའི་སྐུལ་མ་དང་བོད་མི་ཚོས་རང་གི་ངོ་བོ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་པ།

ལ་དྭགས་བསོད་ནམས་གླིང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་ཀྱང་བོད་པའི་ཕ་མ་རྣམས་ནས་རང་གི་བུ་ཕྲུག་ལ་སོ་སོའི་སྐད་ཡིག་གལ་ཆེ་དོན་ཆེན་དུ་བརྩིས་ཏེ་དོ་སྣང་བྱེད་འཇུག་དགོས་པ་འདི་དམིགས་བསལ་གལ་ཆེ་ཡིན་པ་གསུངས་སོང་།

རྒྱ་ནག་གི་སྲིད་བྱུས་དེ་བཞིན་མ་འོངས་ལོ་སྟོང་ཕྲག་ནང་རྒྱ་ནག་གི་བཙན་འོག་དུ་གྲངས་ཉུང་མི་རིགས་མེད་པ་བཟོ་རྒྱུ་ཡིན་པ་དེར་བོད་མི་རྣམས་ཀྱིས་དངངས་འཚབ་སྐྱེས་ཏེ་མ་སྡོད་པར་རང་དབང་ལུང་པའི་ནང་དུ་རྒྱ་ནག་གི་བྱ་ཐབས་དེར་གདོང་ལེན་ཇི་འདྲ་བྱེད་དགོས་ཀྱི་ཡོད་མེད་ཐོག་དོ་སྣང་བྱེད་དགོས་གལ་ཆེན་པོ་ཡིན་པ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འདི་གའི་གསར་འགོད་པར་རྒྱ་ནག་གི་ལོ་བཅོ་ལྔའི་འཆར་གཞི་དང་འབྲེལ་བའི་ཚོགས་ཆེན་སྐོར་བཅར་འདྲི་ཞུས་སྐབས་གསུངས་ཡོད།

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེ་བཞིན་དེ་སྔོན་རྒྱ་ནག་གཞུང་གི་ལོ་ལྔ་རེ་བཞིན་འཆར་གཞི་འདིང་གི་ཡོད་པས་འདི་ལོའི་ཕྱི་ཟླ་ ༣ ནང་ཁོང་ཚོའི་ལོ་བཅོ་ལྔའི་འཆར་གཞི་ཐེངས་ ༡༥ པ་དེ་བཏིངས་པའི་སྐབས་གཏན་འབེབས་བྱེད་པ་ཞིག་རེད་འདུག་

བོད་མི་དང་ཡུ་གུར་བ་ཚོས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ང་ཚོས་ཁྲིམས་འདི་ཁས་མི་ལེན་ཞེས་ངོ་རྒོལ་གནང་པ།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ས་གནས་བོད་རིགས་ཚོགས་པས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་པ་དེ་དེ་རིང་དངོས་སུ་ལག་ལེན་བསྟར་རྒྱུ་འགོ་འཛུགས་བྱེད་པ་དེར་ངོ་རྒོལ་བྱེད་པ་དང་། ངོ་རྒོལ་འདི་བཞིན་ཨ་རིའི་ནིའུ་ཡོག་དང་། ཁེ་ལི་ཧྥོར་ནི་ཡ། དབྱིན་ཡུལ་གྱི་ལན་ཌན་གྱིས་གཙོས་ཡོ་རོབ་བཅས་སོགས་འཛམ་གླིང་ས་གནས་མང་པོའི་ནང་ངོ་རྒོལ་བྱས་ཡོད་པ་རེད། ཨ་རིའི་རྒྱལ་སར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་་ད་རེས་སྐད་འབོད་འདི་རྒྱ་ནག་གི་བཙན་གནོན་འོག་ཏུ་རང་དབང་མེད་པ་རྣམས་ཀྱི་ཆེད་དུ་བསྐྱོན་གྱི་ཡོད་པ་མ་ཟད། རྒྱ་ནག་གི་ཁྲིམས་གང་འདྲ་ཞིག་གིས་ཀྱང་མི་རིགས་ཞིག་གི་ལོ་རྒྱུས་དང་། ཡིད་ཆེས། ཡང་ན་ངོ་བོ་མེད་པར་བཟོ་ཐུབ་ཀྱི་མ་རེད་ཅེས་གསུངས་སོང་།

ང་ཚོས་མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་འདི་ཁས་མི་ལེན་ཞེས་འབོད་སྒྲ་སྒྲོག་སོང་། བོད་མི་དང་ཡུ་གུར་བ་ཚོས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ང་ཚོས་ཁྲིམས་འདི་ཁས་མི་ལེན་ཞེས་ངོ་རྒོལ་གནང་པ།

ཡང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ཨོ་མར་ཀ་ནཏ་ལགས་ཀྱི་རྒྱ་ནག་གཞུང་གི་མི་རིགས་འདྲ་མིན་མཉམ་གནས་བྱེད་པ་དེ་ཉེན་ཁ་ཞིག་ཡིན་པའི་བསམ་ཚུལ་དེ་ཁས་ལན་གནང་གི་མེད་པ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པར་སྐྱོན་བརྗོད་ནན་པོ་གནང་སོང་།

ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་དྲྭ་གནས་ཐོག རྒྱ་ནག་གཞུང་གིས་ཁྲིམས་གསར་པ་དེར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། ཚོགས་ཆུང་གི་ཚོགས་གཙོ་ John Moolenaar ལགས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པ་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྡུག་རྩུབ་དང་དངངས་སྐྲག་གི་དྲག་པོའི་འཕེལ་རིམ་ཞིག་ཡིན་པ་དང་། ཁྲིམས་དེའི་བརྒྱུད་ནས་རྒྱ་ནག་ཕྱི་ཕྱོགས་ལ་ཡོད་པའི་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་སྡིགས་ར་དང་སུན་གཙེར་མུ་མཐུད་བྱེད་རྒྱུའི་འཆར་གཞི་སྒྲིག་གསུངས་འདུག

རྒྱ་གར་ལྷོ་ཕྱོགས་སུ་བོད་མི་ཚོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་པ།

རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་དབུ་མའི་ལམ་གྱི་བོད་ཀྱི་གཞོན་ནུ་དང་བེུད་ལྷན་ཚོགས་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁོངས་གཉིས་ཀྱི་བོད་མི་རྣམས་ནས་སྦེ་ལ་ཀོ་པི་བདེ་སྐྱིད་སླར་གསོའི་གཞིས་ལས་ཁང་ནས་དབུ་བཙུགས་ཏེ་སྦེ་ལ་ཀོ་པི་ལུགས་བསམ་གཞིས་ལས་ཁང་གི་བར་ཞི་བའི་གོམས་བགྲོད་ཀྱི་ལས་འགུལ་སྤེལ་གནང་ཡོད་པ་རེད། དེ་མཚུངས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དབུ་མའི་ལམ་གྱི་བོད་ཀྱི་གཞོན་ནུ་དང་བེུད་ལྷན་ཚོགས་ཟུང་འབྲེལ་གྱི་གོ་སྒྲིག་འོག་གཞིས་ཁོངས་དེའི་མི་མང་རྣམས་ནས་རྒྱ་གཞུང་གི་ཁྲིམས་ཡིག་དེར་ངོ་རྒོལ་སླད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་གནང་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་སུ་བོད་མི་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལ་ངོ་རྒོལ་གནང་པ། སྦེལ་ཀོབ་དང་ཧོན་སུ་བོད་མི་ཚོས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་པ།

གཞན་ཡང་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་བཞིན་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་རྣམས་ཀྱིས་རང་རང་སོ་སིའི་ས་གནས་སུ། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེ་བཞིན་ཕྱིར་འཐེན་དགོས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་སྐད་འབོད་ཀྱི་ལས་འགུལ་སོགས་སྤེལ་བཞིན་ཡོད་འདུག་ལ། ཨ་རིའི་གྲོས་ཚོགས་གོང་མའི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་འཐུས་མི་ཁག་ཅིག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་འདོན་སྤེལ་གནང་ཞིང་། ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གིས་ཀྱང་ཁྲིམས་ཡིག་དེར་ངོ་རྒོལ་གནང་ཡོད་པ་རེད། གཞན་ཡང་བོད་མི་ཆབ་སྲིད་བཙོན་ཟུར་མང་ཤོས་གནས་སྡོད་བྱེད་སའི་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་དང་ཚོང་དོན་ལས་ཁུངས་དང་ཡོ་རོབ་མཐུན་ཚོགས་སོགས་བོད་དོན་རྒྱབ་སྐྱོར་བ་མང་དག་ཅིག་གིས་ཁྲིམས་ཡིག་དེར་ངོ་རྒོལ་གྱིས་ཕྱིར་འཐེན་དགོས་པ་གསུངས་འདུག

རྩ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་བཞིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་གཏན་འབེབས་བྱས་ཡོད་པ་དང་། ཁྲིམས་ཡིག་དེ་བཞིན་་༧ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་རེད།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད། ནོར་སྡེ་སྒྲོལ་མ། པདྨ་དངོས་གྲུབ། འཕྲིན་ལས་ཆོས་སྒྲོན།