བློས་གཏོང་གནང་པ་དག་ལ་མ་འོངས་གྲུབ་འབྲས་ཐོན་ངེས་ཀྱི་ཡིད་ཆེས་ཡོད་པ་སྲིད་སྐྱོང་གིས་གསུངས།

བོད་དོན་ཆེད་དུ་བློས་གཏོང་གནང་བ་དེ་དག་གིས་མ་འོངས་གྲུབ་འབྲས་ཐོན་ངེས་པའི་ཡིད་ཆེས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ནིའུ་ཡོག་ཏུ་བཅའ་བཞུགས་བློ་དགའ་རང་བཙན་(བློ་བཟང་དཔལ་ལྡན་)ལགས་ཀྱིསཨ་རིའི་གྲོང་ཁྱེར་ནིའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་གནང་བ་དང་འབྲེལ། བོད་ཕྱི་ནང་གཉིས་སུ་བོད་རྒྱལ་ཁབ་ཆེད་དུ་རང་སྲོག་བློས་གཏོང་གནང་བ་ལ་བརྟེན་ནས་ལམ་སེང་གྲུབ་འབྲས་ཐོན་མི་སྲིད་ཀྱང་། གཏན་གཏན་བློས་གཏོང་གནང་བའི་ནུས་པ་རྣམས་མུ་མཐུད་ལྷག་ངེས་དང་གྲུབ་འབྲས་ཐོན་ངེས་པའི་ཡིད་ཆེས་ཡོད་ཅིང་། བོད་ནང་དུ་ཁོང་གི་ཤུལ་ལུས་ནང་མི་ཡོད་པ་ཚོརཐུགས་གསོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ནི། བོད་མི་སུ་འདྲ་ཞིག་ཡིན་རུང་བོད་དོན་ལ་སེམས་འཁུར་ཡོད་མཁན་ཞིག་ཡིན་ན་ཚེ་རིང་ཙམ་བཞུགས་ཏེ་མུ་མཐུད་བོད་དོན་ཐད་ནུས་པ་སྤུངས་ཐུབ་རྒྱུའི་འབད་བརྩོན་གནང་དགོས་ལ། བོད་སྤྱི་པའི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་ཚོ་ཡང་རྩ་ཆེན་པོ་རེད་ཅེས། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་ཀྱི་མཛད་སྒོའི་སར་ཕེབས་སྐབས་གསུངས་བྱུང་།

སྲིད་སྐྱོང་མཆོག་གིས། བློ་དགའ་ལགས་ནི་དུས་རྒྱུན་དུ་བོད་སྤྱི་པའི་རྩ་དོན་ལ་ཁུར་འཁྱེར་མཁན་ཞིག་དང་ནིའུ་ཡོག་ནང་དུ་བོད་སྤྱི་པའི་དོན་ལ་ག་དུས་ཡིན་རུང་དུས་ཚོད་གཏོང་མཁན་ཞིག་རེད་ཅེས་དང་། ཚེས་ ༢ ཉིན་གྱི་དགོང་དྲོ་སྨན་ཁང་དུ་སྐུ་ཚེ་ཟིན་མི་འདུག བོད་ཕྱི་ནང་གང་དུ་ཡིན་རུང་། བོད་སྤྱི་པའི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་ཚོར་ང་ཚོས་རྗེས་དྲན་ཞུ་དགོས་པ་ཞིག་ཡིན་པས། དེ་རིང་ཞོགས་པ་བཀའ་ཤག་འཚོགས་ཏེ་ཉིན་རྒྱབ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན། གཞོན་སྐྱེས་ཚོས་ཤེས་གསལ་རེད། བོད་ནང་ ༢༠༠༩ ལོ་ནས་བཟུང་ ༢༠༢༢ ཙམ་བར་བོད་པ་ ༡༥༧ ཙམ་ཞིག་གིས་རང་སྲེག་གནང་ཡོད། ང་ཚོས་རང་ལུས་མེར་སྲེག་དང་རང་ལུས་མཆོད་འབུལ་ཞེས་བརྗོད་ཀྱི་ཡོད། གང་ལྟར་བོད་སྤྱི་པའི་དོན་དུ་སྲོག་བློས་བཏང་པ་རེད་ཅེས་གསུངས་སོང་།

བོད་མི་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དང་འབྲེལ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་བཅར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་པའི་གཞོན་སྐྱེས་ཁག་གཅིག་གིས། གནས་ཚུལ་དེས་ཁོང་རྣམས་ལ་སྐྱོ་སྣང་ཆེན་པོ་བྱུང་ལ། བོད་དོན་ཐད་མུ་མཐུད་ཕྱག་ལས་གནང་རྒྱུར་སེམས་ཤུགས་སྦྱིན་ཡོད་པ་གསུང་གི་འདུག

རྡ་སར་གཞོན་སྐྱེས་ཀྱི་ཚོགས་འདུ་ཐེངས་བཞི་པ་དབུ་འཛུཊ་གནང་སྐབས། ༢༠༢༦།༧།༣
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོཊ་འདུ་ཐེངས་བཞི་པ། རྡ་སར་གཞོན་སྐྱེས་ཀྱི་ཚོགས་འདུ་ཐེངས་བཞི་པ་དབུ་འཛུཊ་གནང་སྐབས། ༢༠༢༦།༧།༣ (RFA Tibetan)

དེ་ཡང་ཨ་རིའི་དྭངས་བླངས་བོད་དོན་ཞུ་གཏུག་གི་འབྲེལ་མཐུད་པ་བསྟན་འཛིན་ཆོས་བཟང་ལགས་ཀྱིས། ཐེངས་འདིར་ཡིད་སྐྱོ་བའི་གནས་ཚུལ་དེས། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་ན་གཞོན་ཚོགས་བཅར་བ་ཚང་མར་བོད་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་པར་མཉམ་རུབ་ཀྱིས་ནུས་པ་སྟོན་རྒྱུར་སེམས་ཤུགས་འཕར་མ་བསྐྲུན་བྱུང་ཞེས་གསུང་གི་འདུག་ལ། ཞི་བ་འདུལ་ལགས་ཀྱིས། བོད་དོན་ཐོག་ལ་གོ་རྟོགས་མང་ཙམ་ཐུབ་ཆེད་ད་རེས་ཀྱི་ཚོགས་འདུ་དེར་བཅར་བ་ཞིག་ཡིན་ཞིང་། བློ་དགའ་ལགས་ཀྱི་གནས་ཚུལ་དེའི་ཐད་སེམས་ནང་སྐྱོ་སྣང་གིས་གང་ཡང་བཤད་ཐུབ་པ་མིན་འདུག་ཅེས་གསུངས་བྱུང་། ཡང་བསོད་ནམས་འཚོ་ལགས་དང་ཟླ་བ་སྒྲོལ་མ་ལགས་ཀྱིས་གནས་ཚུལ་དེས་བོད་དོན་གྱི་གནས་སྟངས་ལ་ཡར་རྒྱས་འགྲོ་བའི་རེ་བ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྩ་བའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་བཞི་པའི་ཐོག་རྒྱལ་ཁབ་ཁག་ ༡༣ ནས་བོད་པའི་གཞོན་སྐྱེས་བརྒྱ་མ་ཟིན་ཙམ་བཅར་འདུག་ཅིང་། གཙོ་བོ་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི། གཞོན་སྐྱེས་རྣམས་ལ་སོ་སོའི་ཤེས་བྱ་དང་བློ་སྟོབས་གོང་འཕེལ། ཕན་ཚུན་ཤེས་ཡོན་དང་ཉམས་མྱོང་བརྗེ་ལེན། དེ་བཞིན་གཙོ་བོ་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་ད་ལྟའི་རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་སྲིད་བྱུས་འོག རྒྱལ་སྤྱིའི་ཁྲོད་བོད་དོན་ཞུ་གཏུག་གནང་ཕྱོགས་བཅས་ཡིན་ཞིང་། བོད་དོན་འཐབ་རྩོད་དེ་བོད་པའི་གཞོན་སྐྱེས་རྣམས་གསོ་སྐྱོང་དགོས་གལ་ཆེ་བས་ད་བར་ཚོགས་ཐེངས་གསུམ་འཚོགས་པ་དེས་ནུས་པ་ཆེན་པོ་ཐོན་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་རིན་ཅེན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།