བཙན་བཀག་གི་གླུ་གཞས་དགོང་ཚོགས་འཚོགས་ཏེ་བོད་ནང་གི་སྒྱུ་རྩལ་བ་རྣམས་ལ་བཙན་བྱོལ་ནང་ནས་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་ཞུས་སོང་།
དགོང་ཚོགས་འདིས་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་རྒོལ་ལེན་གྱི་དགོང་ཚོགས་ཤིག་ཀྱང་ཡིན་ཞེས་གསུངས་བྱུང་།
བོད་རང་བཙན་སློབ་ཕྲུག་ཚོགས་པས་བཙན་བཀག་གི་གླུ་གཞས་དགོང་ཚོགས་ཞེས་རྒྱ་ནག་གཞུང་གི་བཙན་གནོན་འོག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བསྟོད་གླུ་དང་། རྒྱ་ནག་གཞུང་གི་བཙན་འོག་ཏུ་བོད་ནང་གི་དངོས་ཡོད་གནས་སྟངས། དེ་བཞིན་བོད་ཀྱི་ཁོར་ཡུག་སོགས་དང་འབྲེལ་བའི་གླུ་གཞས་བླངས་མྱོང་མཁན་བོད་ཀྱི་གླུ་བ་གྲགས་ཅན་རྣམས་རྗེས་དྲན་ཞུས་སོང་། མ་ཟད་བཙན་བཀག་ཞེས་པའི་དགོང་ཚོགས་འདིས་ཉེ་ལམ་རྒྱ་ནག་གཞུང་གིས་ལག་བསྟར་འགོ་འཛུགས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་རྒོལ་ལེན་གྱི་དགོང་ཚོགས་ཤིག་ཀྱང་ཡིན་ཞེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
མ་ཟད་པ་སངས་ལགས་ཀྱིས་བཙན་བཀག་གི་གླུ་གཞས་དགོང་ཚོགས་དེས་བོད་ནང་གི་སྒྱུ་རྩལ་བ་རྣམས་ལ་དྲན་གསོ་དང་མཉམ། བོད་ཕྱི་ནང་གཉིས་སུ་ཡོད་པའི་སྒྱུ་རྩལ་བ་རྣམས་ཀྱི་དབར་ཕན་ཚུན་དབར་མཐུད་པའི་ཟམ་པ་ལྟ་བུར་གྱུར་བའི་རེ་བ་དང་དམིགས་ཡུལ་ཡོད་པ་གསུང་གི་འདུག
དགོང་ཚོགས་འདིའི་ཐོག་གླུ་གཞས་ལེན་མཁན་བསྟན་འཛིན་རིག་འཛིན་ལགས་ཀྱིས། བློ་དགའ་རང་བཙན་ལགས་ཀྱིས་ཉེ་ལམ་སྐུ་ལུས་མེར་བསྲེགས་གནང་པའི་རྐྱེན་གྱིས་ཐེངས་འདིར་ཁོང་གིས་བོད་ནང་གི་གཞས་པའི་གླུ་གཞས་ལེན་སྐབས་སུའང་ཚོར་བ་དམིགས་བསལ་ཅན་ཞིག་བྱུང་ཞེས་འགྲེལ་བརྗོད་དང་སྦྲགས། བཙན་བྱོལ་བའི་གཞོན་སྐྱེས་ཤིག་ཡིན་པའི་ཆ་ནས་ཞེ་དྲགས་བྱེད་མི་ཐུབ་ཀྱང་། ཉུང་མཐར་ལ་གླུ་གཞས་བརྒྱད་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐུབ་ཐབས་བྱ་རྒྱུ་ཡིན་ཞེས་གསུང་གི་འདུག ཁོང་གིས་ད་དུང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཚུལ་དུ་དགོང་ཚོགས་འདིའི་ནང་ཆ་ཤས་བླངས་པ་ཞིག་ཡིན་ཞེས་དང་། གླུ་གཞས་བླངས་རྒྱུ་དེ་ནི་དགའ་སྤྲོ་ཁོ་ན་མིན་པར་འཐབ་རྩོད་སོགས་དང་ཡང་འབྲེལ་ཡོད་པས། བཙན་བྱོལ་ཡོད་མཁན་ཚོས་སྣང་བ་མ་གཡེང་བར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ནང་མཉམ་ཞུགས་དགོས་གལ་ཆེ་བ་གསུང་གི་འདུག
ཐེངས་འདིའི་བཙན་བཀག་གི་དགོང་ཚོགས་འདིའི་ནང་བཙན་བྱོལ་ནང་གི་གླུ་བ་རྣམས་ཀྱིས་བོད་ནང་གི་གླུ་བ་གྲགས་ཅན་ཏེ། རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་བསྲེགས་གནང་བ་དང་ཡང་བོད་དོན་དང་འབྲེལ་བའི་གླུ་གཞས་བླངས་རྐྱེན་བཙོན་འཇུག་གི་སྡུག་སྦྱོང་མྱངས་པའི་གླུ་བ། ཚེ་དབང་ནོར་བུ་ལགས་དང་། བཀྲིས་དོན་གྲུབ་བམ་བཀྲས་ཆུང་ལགས་ཀྱིས་བགེགས་འཇོམས་རྡོ་རྗེ་ལགས། ཕུལ་བྱུང་ལགས། དགེ་བྷེ་ལགས། བློ་བློ་ལགས་སོགས་ཀྱི་གླུ་གཞས་བླངས་སོང་ལ། དགོང་ཚོགས་འདིའི་སྐབས་བོད་དོན་གྱི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་མཁན་བོད་མི་བློ་དགའ་རང་བཙན་ལགས་དང་ཁོང་གི་ཁ་ཆེམས་གཙོ་བོ་ཞིག་སྟེ། བོད་ཀྱི་གཞས་སྣ་འཁྲབ་སྟོན་སོགས་ཀྱི་བརྒྱུད་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དགོས་པ་བསྐྱར་དྲན་གནང་སོང་།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
