ཕྱི་ཟླ་ ༧ ཚེས་ ༦ ཉིན་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དམིགས་བསལ་ཉིན་མོ་ཞིག་རེད། རང་དབང་ལྡན་པའི་འཛམ་གླིང་ས་ཕྱོགས་ཁག་ནང་འཁྲུངས་སྐར་ལ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༧ ཚེས་ ༥ ཉིན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་ཐའེ་པེ་གྲོང་ཁྱེར་གྱི་ཡོན་ཧྲན་གསོལ་མགྲོན་ཁང་ཆེན་མོར་༧གོང་ས་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུས་པ་འདི་ཡོངས་སུ་མཇུག་བསྒྲིལ་བའི་མཛད་སྒོ་གཟབ་རྒྱས་ཤིག་གཉེར་ཡོད་འདུག
ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་མཛད་སྒོར་ཕེབས་པའི་གནད་ཡོད་མི་སྣ་ཁག་གི་ངོས་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་ཙམ་མ་ཟད། འདི་ནི་ཆོས་ལུགས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་། དེ་བཞིན་ཐའེ་ཝན་དང་བོད་མིའི་བར་གྱི་མཛའ་འབྲེལ་ལ་རྒྱབ་སྐྱོར་གནང་བ་ཞིག་ཀྱང་ཡིན་པར་བསྔགས་བརྗོད་གནང་འདུག
ཐའེ་ཝན་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་ཐའེ་ཝན་ཁྲིམས་འཛིན་ལྷན་ཁང་གི་འགན་འཛིན་ཟུར་པ། འབྲེལ་ཡོད་ཀྱི་བློན་ཆེན་སོགས་མི་ལྔ་བརྒྱ་ལྷག་གི་འདུ་འཛོམས་སར་༧གོང་ས་མཆོག་གི་མཛད་པའི་བརྙན་ཐུང་མི་འདྲ་བ་གསུམ་ཙམ་དང་བྱམས་བརྩེའི་ལོར་ཐའེ་ཝན་ནང་བྱེད་སྒོ་སྤེལ་བ་ཁག་སྟོན་གནང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་འཁྲུངས་སྐར་མཛད་སྒོའི་ཐོག་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐོག་གསུང་བཤད་གནང་སྐབས། ༧གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་གི་ཐེབས་རྩ་ཚོགས་པ་ཁོ་ནར་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་པའི་དབང་ཚད་ཡོད་པ་གསལ་པོ་བཟོས་གནང་ཡོད། ཆབ་སྲིད་ཀྱི་སྟོབས་ཤུགས་གང་གིས་ཀྱང་དེར་ཐེ་གཏོགས་བྱེད་པའི་དབང་ཆ་མེད། ༧གོང་ས་མཆོག་གི་ཡང་སྲིད་ལམ་ལུགས་མུ་མཐུད་གནས་རྒྱུ་དང་། གང་ཉིད་ཀྱི་ཡང་སྲིད་ནི་རང་དབང་ཡོད་པའི་འཛམ་གླིང་ནང་དུ་འཁྲུངས་རྒྱུ་ཡིན་པ་དེ་ཡང་བསྐྱར་གསལ་པོ་བཟོས་གནང་ཡོད་པ་ནན་བརྗོད་གནང་འདུག

༧གོང་ས་མཆོག་གི་མཚན་ཐོག་ནས་སྨན་ཁང་ལ་མྱུར་སྐྱོབ་མོ་ཌ་ཞལ་འདེབས་ཕུལ་བ།
ཡང་ཟླ་ ༧ ཚེས་ ༤ ཉིན་ཐའེ་ཝན་དུ་དགའ་ལྡན་ཤར་རྩེ་གྲ་ཚང་གིས་གཙོ་གཉེར་གནང་བའི་ཐོག་འདས་པའི་ལོ་ངོ་ ༡༨ ཙམ་རིང་སྐུའི་འཁྲུངས་སྐར་གྱི་སྐབས་ལོ་ལྟར་རོལ་དབྱངས་འདུ་འཛོམས་ཤིག་གཉེར་གནང་སྟེ་ ༢༠༡༥ ལོ་ནས་བཟུང་ཐའེ་ཝན་ནང་གི་སྨན་ཁང་ཁག་ལ་༧གོང་མཆོག་གི་མཚན་བཀོད་པའི་མྱུར་སྐྱོབ་མོ་ཌ་ཞལ་འདེབས་སུ་ཕུལ་བའི་མཛད་སྒོ་འདི་ཡང་གནང་ཡོད་འདུག ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ངོ་སྤྲོད་གནང་པར། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་ཐའེ་ཝན་གྱི་སྒོར་ས་ཡ་ལྔ་ཙམ་གྱི་མྱུར་སྐྱོབ་མོ་ཌ་གཅིག་སྨན་ཁང་ལ་ཞལ་འདེབས་ཕུལ་ཡོད་པ་དང་ཡང་ཐའེ་ཝན་དབུས་ཁུལ་གྱི་ལན་དའོ་རྫོང་ནང་གི་སྨན་ཁང་ཞིག་ལ་མྱུར་སྐྱོབ་ཀྱི་འཕྲུལ་ཆས་ས་ཡ་གཉིས་ཙམ་བྱས་པ་ཞིག་ཞལ་འདེབས་སུ་ཕུལ་ཡོད་གསུངས་བྱུང་།
ཐའེ་ཝན་གྱི་གནད་ཡོད་མི་སྣ་ཁག་གི་གསུང་བཤད་དང་རྒྱབ་སྐྱོར།
འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ཐའེ་ཝན་གྱི་ཆབ་སྲིད་དང་། ཁྲིམས་ལུགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ཀྱི་གནད་ཡོད་མི་སྣ་མང་པོ་མཉམ་ཞུགས་གནང་ཡོད་པ་བཞིན། ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཝང་ཅིན་ཕིང་གིས་ ༢༠༠༡ ལོར་༧གོང་ས་མཆོག་ཐའེ་ཝན་དུ་ཐེངས་གཉིས་པ་ཆིབས་བསྒྱུར་གནང་སྐབས་གྲོས་ཚོགས་ནང་གསུང་བཤད་གནང་བའི་ལོ་རྒྱུས་དྲན་གསོ་གནང་བ་དང་ཆབས་ཅིག ༧གོང་ས་མཆོག་གིས་ལོ་ངོ་ ༩༠ ལྷག་གི་རིང་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་གྱི་ཆེད་དུ་བཞག་པའི་མཛད་རྗེས་ལ་བསྔགས་བརྗོད་ཞུས་ཡོད་འདུག
ཐའེ་ཝན་ཁྲིམས་འཛིན་ལྷན་ཁང་གི་འགན་འཛིན་ཟུར་པ་ཞུའུ་ཙོང་ལིས་ནས་རྒྱ་ནག་གིས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་དེས་མི་རིགས་གཅིག་གྱུར་གྱི་མིང་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་རྒྱ་ནག་ཅན་དུ་སྒྱུར་ཐབས་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་གནང་བ་དང་། རྒྱལ་ཁབ་ཀྱི་མཐུན་སྒྲིལ་ངོ་མ་ནི་མི་རེ་ངོ་རེའི་ཆེ་མཐོང་དང་རིག་གཞུང་གི་དབྱེ་བ་མེད་པར་འདྲ་མཉམ་གྱི་སྲུང་སྐྱོབ་ཐོབ་པ་ལས་ཡོང་དགོས་པ་གསུངས་འདུག
དེ་མིན་གནད་ཡོད་མི་སྣ་ཚོས་བཙན་བྱོལ་བོད་པས་དཀའ་ངལ་ཁྲོད་དུ་རང་ཉིད་ཀྱི་ཆོས་ལུགས་དང་རིག་གཞུང་རྒྱུན་འཛིན་བྱས་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་། ཐའེ་ཝན་གཞུང་གི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་ལ་མུ་མཐུད་དོ་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་སོགས་ནན་བཤད་གནང་འདུག་ལ། ལྷག་པར་དུ་༧གོང་ས་མཆོག་གིས་སྐུ་ཚེ་གང་པོར་བྱམས་བརྩེའི་སྟོབས་ཤུགས་ཀྱིས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པ་བྱུང་སྐོར་དང་། མ་འོངས་པར་༧གོང་ས་མཆོག་ཐའེ་ཝན་དུ་ཆིབས་བསྒྱུར་གནང་རྒྱུའི་གསོལ་འདེབས་ཞུས་པའི་ཐོག་༧གོང་ས་མཆོག་གིས་བཀའ་གནང་བའི་བཟོད་བསྲན་དང་། སྙིང་སྟོབས། བྱམས་བརྩེའི་བསླབ་བྱ་དེ་དག་གིས་ཐའེ་ཝན་མི་མང་ལ་བློ་སྐྱེད་སྤེལ་གནང་ཡོད་པ་གསུངས་འདུག

ཐའེ་ཝན་སྲིད་འཛིན་དང་ཨ་རིའི་དོན་གཅོད་ནས་འཁྲུངས་སྐར་ལ་འཚམས་འདྲི།
ཡང་ཐའེ་ཝན་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་པར། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དེ་རང་ལ་ཐའེ་ཝན་སྲིད་འཛིན་ནས་འཚམས་འཕྲིན་གནང་པ་དང་། འདས་པའི་དུས་ཚོད་ནང་ཐའེ་ཝན་གྱི་སྲིད་འཛིན་ཚའེ་གཡིང་ཝན་ནས་ཀྱང་འཁྲུངས་སྐར་ལ་འཚམས་འཕྲིན་གནང་ཡོད། ལྷག་པར་དུ་དམིགས་བསལ་ཞིག་ལ་ཞོགས་པ་ཕྱག་ཚོད་དགུ་པའི་ཐོག་ཐའེ་ཝན་ནང་ཡོད་པའི་ཨ་རིའི་དོན་གཅོད་ཆེན་མོས་ལས་བྱེད་གཉིས་དང་ལྷན་དུ་དོན་གཅོད་ལས་ཁུངས་སུ་ཆེད་མངགས་འཚམས་འདྲིར་ཕེབས་ཏེ་ཕན་ཚུན་བཀའ་མོལ་ལྷུག་པོ་བྱུང་ཡོད་པ་ངོ་སྤྲོད་གནང་བྱུང་།
ཐའེ་ཝན་སྲིད་འཛིན་སླའེ་ཆིང་རྡའེ་ནས་Xདྲ་ཚིགས་ཐོག་བཀོད་གནང་བར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ༧མགོན་པོ་གང་ཉིད་ནས་ད་བར་འཛམ་གླིང་ཞི་བདེ་དང་བྱམས་བརྩེའི་ལྟ་བ་གོང་སྤེལ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐའེ་ཝན་གཞུང་དམངས་ཀྱིས་བོད་མིར་མུ་མཐུད་ནས་རྒྱབ་སྐྱོར་བརྟན་པོ་ཞུ་རྒྱུ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། རིག་གཞུང་དང་སྐད་ཡིག་རྒྱུན་འཛིན་བྱེད་རྒྱུ་ནི་སུས་ཀྱང་འཕྲོག་མི་རུང་བའི་ཐོབ་ཐང་ཞིག་རེད། ༧གོང་ས་མཆོག་གི་མཁྱེན་རབ་ཀྱི་འོད་སྣང་གིས་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་མུ་མཐུད་ལམ་སྟོན་མཛད་པའི་གསོལ་འདེབས་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
ཡང་ཐའེ་ཝན་ལ་བཅའ་བཞུགས་ཨ་རིའི་དོན་གཅོད་ལས་ཁུངས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཆེད་མངགས་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་ནས་འཚམས་འདྲི་ཞུས་གནང་ཡོད་པ་འདི་ངོ་དེབ་ཐོག་བཀོད་པ་སྟེ། དེ་རིང་ཞོགས་པ་ཨ་རིའི་ཐའེ་ཝན་དོན་གཅོད་ལས་ཁུངས་ཀྱི་འགན་འཛིན་རེ་མོནཌི་ གྷི་རིན། (Raymond F. Greene རྒྱ་སྐད་དུ་གུའུ་ལི་ཡན།) མཆོག་གིས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་འཚམས་འདྲིར་ཕེབས་ཏེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས་གནང་འདུག།
