འཛམ་གླིང་ས་ཕྱོཊ་གང་སར་བློ་དགའ་རང་བཙན་ལགས་སུ་རྒྱབ་སྐྱོར་ཀྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་ཅིང་། ཨོསི་ཊརེ་ལི་ཡའི་བོད་མི་ཚོས་རྒྱལ་ཚོགས་ངོས་ནས་དོ་སྣང་དང་འགན་བཞེས་དགོས་པའི་དགོས་འདུན་བཏོན་འདུག
ཟླ་ ༧ ཚེས་ ༡༢ ཉིན་ཨོསི་ཊརེ་ལི་ཡའི་ (Queensland) མངའ་སྡེའི་ནང་གི་བོད་མི་རྣམས་ཀྱིས་ Brisbane གྲོང་ཁྱེར་དུ་ངོ་རྒོལ་སྐད་འབོད་དང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་འདུག་ལ། བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་གནད་དོན་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་དོ་སྣང་དང་འགན་བཞེས་དགོས་ཤིང་། རྒྱ་ནག་གཞུང་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་གང་མགྱོགས་གྲོས་མོལ་དགོས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་ནི་རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ནང་དུ་སྤེལ་བཞིན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་རྣམས་ཡིག་ཐོག་ཏུ་གཏན་འབེབས་བྱས་པ་ཞིག་ཡིན་པ་ཐེར་འདོན་བྱེད་བཞིན་ཡོད་ཅེས། སྤྱི་ཟུར་རྡོ་རིང་ཕུན་ཚོགས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
མ་ཟད་ཁོང་གིས་ཐེངས་འདིར་བོད་མི་རྣམས་ཀྱིས་ (Brisbane) གྲོང་ཁྱེར་ནང་སྐད་འབོད་ཀྱི་ལས་འགུལ་སྤེལ་སྐབས་རྒྱ་རིགས་གཙོ་བོར་བྱས་པའི་ཕྱིའི་རྒྱལ་ཁབ་ཁག་གི་མི་སེར་མང་པོས་དོ་སྣང་གནང་ཡོད་ཅིང་། བོད་དོན་དྲིལ་བསྒྲགས་ཀྱི་གོ་སྐབས་བཟང་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།


བོད་མི་བློ་དགའ་རང་བཙན་ལགས་ཀྱིས་བོད་དོན་གྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བའི་རྗེས། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་དང་བོད་དོན་ལས་འགུལ་བ་རྣམས་ཀྱིས་ས་གནས་ཀྱི་རྒྱ་ནག་གཞུང་ཚབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཉེ་ལམ་ཧྥ་རན་སིའི་རྒྱལ་ས་པེ་རིས་ནང་གི་བོད་མི་འབོར་ཆེན་ཞིག་འདུ་འཛོམས་ཐོག་ས་གནས་ཀྱི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་འདུག་ལ། དེ་བཞིན་ཨ་རིའི་ (San Francisco) གྲོང་ཁྱེར། ཁེ་ན་ཌ་(Toronto)ཊོ་རོན་ཊོ་གྲོང་ཁྱེར། དེ་བཞིན་རྒྱ་གར་གྱི་ས་གནས་འདྲ་མིན་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་རྣམས་ཀྱི་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་པ་རེད།

ཨ་རིའི་ནིའུ་ཡོག་ཏུ་གནས་སྡོད་བོད་མི་རྣམས་ཀྱིས་བསྟུད་མར་བློ་དགའ་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་སའི་ས་ཚིགས་སུ་ཕྱིན་ཏེ། སྨོན་ལམ་བསྐྱོན་པ་དང་ཁོང་རྗེས་དྲན་སོགས་གནང་བཞིན་ཡོད་འདུག་ལ། ས་གནས་ཀྱི་བོད་པའི་ཚོགས་པ་སྐྱིད་སྡུག་ཁག་གིས་རེ་མོས་ཐོག་ས་ཚིགས་དེར་སྲུང་གི་ཡོད་པ་རེད་འདུག
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱིས་བོད་མིའི་ཚེ་སྲོག་མི་ཤོར་བ་དགོས་པའི་འབོད་སྐུལ།
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་མགྲིན་ཚབ་པས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་གནང་པའི་ནང་། མི་སྒེར་དང་སྤྱི་མང་གི་ཚོགས་སྡེ་གང་ཞིག་ཡིན་རུང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཐད་ཞུ་གཏུག་དང་གོ་བསྡུར་བྱེད་པའི་བརྒྱུད་རིམ་སྣ་མང་ཡོད་པ་སྟེ། དམིགས་བསལ་ལས་དོན་གྱི་བརྒྱུད་རིམ་ཆེད་འགོད་འབུལ་དང་། འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ལ་ཞུ་སྙན་འབུལ་བའི་ལམ། རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཀྱི་འགྲོ་ལུགས་བཅས་ཡོད་པ་རེད་གསུངས་འདུག་ལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱིས་བོད་མིའི་ཐོབ་ཐང་དང་མི་རིགས་སོ་སོའི་ངོ་བོ་རྣམས་རང་དབང་གི་སྒོ་ནས་གསལ་སྟོན་བྱེད་རྒྱུའི་རང་དབང་ཚུད་པའི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་གི་ཐོབ་ཐང་ཐད་མུ་མཐུད་འཐབ་རྩོད་བྱེད་ཀྱི་རེད་ཅེས་གསུངས་པ་དང་མཉམ། འབྲེལ་ཡོད་ཚང་མར་རང་ཉིད་ལ་གནོད་པའི་ཚེ་སྲོག་ཤོར་བའི་ལས་འགུལ་ལ་མ་འཇུག་རོགས་ཞེས་འབོད་སྐུལ་གནང་གི་འདུག
ཁ་སྣོན་གསར་འགོད། བསྟན་འཛིན་བདེ་སྐྱིད། བཀྲ་དབང་།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
