༧སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་མཆོག་གི་དབུ་སྐྲ་གཙུག་ཕུད་བཞེས་པ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་ཟུར་༧སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་མཆོག་གི་དབུ་སྐྲ་གཙུག་ཕུད་བཞེས་པ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་ཟུར་༧སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་མཆོག་གི་དབུ་སྐྲ་གཙུག་ཕུད་བཞེས་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་དགའ་ལྡན་ཁྲི་ཐོག་ ༡༠༢ པ་༧སྐྱབས་རྗེ་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེའི་དབུ་སྐྲ་གཙུག་ཕུད་བཞེས་གནང་པ་དང་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཚན་བསྩལ་འདུག སྐབས་དེར་ཡང་སྤྲུལ་བསྟན་འཛིན་ལེགས་སྨོན་རིན་པོ་ཆེའི་ཡབ་ཡུམ་སྟོན་འཁོར་བཅས་ལ་རིན་པོ་ཆེའི་བསླབ་པ་སློབ་གཉེར་ཇི་ལྟར་གནང་རྒྱུ་ཡིན་མིན་ཐད་བཀའ་འདྲི་ཞུས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་རང་དུ་ཆོས་ཞུགས་སློབ་གཉེར་གནང་ན་ལེགས་པ་ཡོད་པ་བཀའ་བསྩལ་འདུག དེ་ཡང་མཇལ་ཁ་གྲུབ་རྗེས་ནུབ་ར་བསམ་གཏན་གླིང་དགོན་ནས་ཡིན་པ་སྔགས་རམ་པ་ཐུབ་བསྟན་ཆོས་བཟང་ལགས་ཀྱིས་ཡང་སྤྲུལ་རིན་པོ་ཆེ་མཆོག་ལ་མཚན་ཞུས་ཡོད་པར་དེ་སྔ་བསྟན་འཛིན་ལེགས་སྨོན་ཞེས་མཚན་གནང་ཡོད་པ་དེའི་ཐོག་སྐུ་གོང་མའི་མཚན་ཐུབ་བསྟན་ཉི་མ་སྣོན་ཏེ་བསྟན་འཛིན་ལེགས་སྨོན་ཐུབ་བསྟན་ཉི་མ་ཞེས་བསྩལ་ཡོད་པ་གསུངས་བྱུང་ལ། ཡང་སྲིད་མཆོག་སྤྲུལ་མཆོག་གི་ཁྲི་འདོན་ཞུ་རྒྱུ་འདི་སྐུ་ན་གང་ཙམ་སོན་རྗེས་ཞུ་རྒྱུ་ཡིན་པ་གསུང་གི་འདུག

མི་མང་ལ་མཇལ་ཁ་བསྩལ་བའི་ཁྲོད་ཕྱི་ནང་གི་དད་ལྡན་པ་མི་གྲངས་ ༣༠༠ ལྷག་གི་ཁྲོད་གནས་ཡོད་མི་སྣ་ཁག་ཅིག་བཅར་ཡོད་པའི་ཁོངས་སུ་རྒྱ་གར་གྱི་ཨུ་ཏར་པྲ་དེཤ་ (Uttar Pradesh) མངའ་སྡེ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཨ་ནུ་རག་ཤར་མ་ (Anurag Sharma) ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པར་ཁོང་གིས་བྱིན་རླབས་ཆེན་པོ་བྱུང་ཞེས་གསུངས་བྱུང་། དེ་ཡང་ཁོང་གིས་གསུངས་དོན་དུ། དངོས་གནས་བྱིན་རླབས་ཆེན་པོ་དཔེ་བྱུང་སོང་། རྒྱུན་རིང་པོ་ཞིག་ནས་༧གོང་ས་མཆོག་ལ་ལ་གུས་བཀུར་དང་རྗེས་སུ་དྲངས་ནས་བཅར་པ་ཡིན། ད་རེས་མཇལ་ཁ་ཐོབ་སྐབས་མི་ཚེ་དོན་ལྡན་སྐྱེལ་དགོས་པའི་ལམ་སྟོན་གནང་པར་བཀའ་དྲིན་ཆེན་པོ་ཚོར་གྱི་འདུག དེ་རིང་མཇལ་ཁ་ཐེངས་དང་པོ་དེ་ཡིན། མི་ཚེ་ནང་ལམ་བཟང་པོ་སྟོན་རྒྱུ་དང་གནའ་བོའི་རིག་གཞུང་བདག་ཉར་བྱེད་ཕྱིར་ཕྱག་ལས་གནང་ཕྱིར་སྐུ་འཚོ་ཞིང་བཞུགས་ཡོད་པར་དགའ་ཚོར་དཔག་མེད་ཚོར་གྱི་འདུག ཡང་༧གོང་ས་མཆོག་གི་མཛད་ཕྲིན་བསྐྱངས་པ་དག་གི་བརྒྱུད་འཛམ་གླིང་ཁྱོན་ཡོངས་ལ་འཛིན་སྐྱོང་སྤེལ་གསུམ་གནང་གི་ཡོད་པ་གསལ་སྟོན་གནང་པ་རེད་ཅེས་གསུངས་བྱུང་།

ཡང་ཕྱི་རྒྱལ་ནས་ཡིན་པ་ཡོ་ཧ་ན་ལགས་ཀྱིས་ཁོང་དང་ནང་མི་ཀུན་ལ་ད་རེས་མཇལ་ཁ་ཐོབ་པ་འདི་དམིགས་བསལ་ཡིན་པ་གསུངས་བྱུང་། དེ་ཡང་ཁོང་གིས་གསུངས་དོན་དུ། ང་རང་དེ་རིང་མཇལ་ཁ་ཐོབ་པ་ཐེངས་དང་པོ་དེ་ཡིན། ངའི་གཅེན་པོས་མི་ཚེ་གང་པོ་ནང་ཆོས་ལ་སློབ་གཉེར་གནང་ཏེ་ལེགས་སྐྱེས་སུ་ཕུལ་ཡོད་པས་ཁོང་དང་མཉམ་དུ་བཅར་པ་ཡིན། མཇལ་ཁ་འདི་ངའི་ནང་མི་དང་ངའི་གཅེན་པོ་བཅས་ང་ཚོ་ཚང་མར་དམིགས་བསལ་ཆགས་ཀྱི་ཡོད། ང་ཚོ་སུད་སི་ (switzerland) ནས་ཡིན། བོད་དང་ས་ཐག་བརྩིས་ན་ཧ་ཅང་རྒྱང་ཐག་རིང་པོར་ཡོད་ཀྱང་། ང་ཚོ་བོད་ཀྱི་རིག་གཞུང་ལ་ཞེ་དྲགས་དགའ་པོ་ཡོད་ཅེས་བརྗོད་བྱུང་།།

པར་ལེན་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན།