ང་བོད་པ་ཡིན་ཟེར་དུས་ལུས་ཀྱི་བ་སྤུ་ལངས་པའི་ཚོར་སྣང་ཞིག་ཡོང་གི་འདུག་ཅེས་བརྗོད་པ།

ང་བོད་པ་ཡིན་ཟེར་དུས་ལུས་ཀྱི་བ་སྤུ་ལངས་པའི་ཚོར་སྣང་ཞིག་ཡོང་གི་འདུག་ཅེས་བོད་ཀྱི་ན་གཞོན་དགའ་སྟོན་ནང་ཞུགས་མཁན་ཞིག་གིས་བརྗོད་པ།

ང་བོད་པ་ཡིན། ང་བོད་པའི་གཞོན་སྐྱེས་ཞིག་ཡིན་ཟེར་དུས་ཡུལ་གྲུ་གང་དུ་བཞུགས་པའི་བོད་མི་ཞིག་ཡིན་ཡང་བབ་ས་ཅིག་དེ་ང་ལ་འགན་ཞིག་ཡོད་ཟེར་རྒྱུ་དེ་ཡིན་པ་ལ་དྭགས་ས་གནས་སུ་བོད་ཀྱི་ན་གཞོན་གྱི་དགའ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་རིག་གཞུང་འགྲེམས་སྟོན་དང་སྒྱུ་རྩལ་འཁྲབ་སྟོན་སོགས་ཀྱི་ལས་རིམ་མང་པོ་ཞིག་སྤེལ་བའི་སྐབས་གཞོན་སྐྱེས་མང་པོ་ཞིག་གིས་བརྗོད་བྱུང་།

སྤྱི་སེམས་ཚོགས་པའི་ཚོགས་མི་ཡིན་པ་ལ་དྭགས་བསོད་ནམས་གླིང་གཞིས་ཁོངས་ནས་ཡིན་པ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས་གསུངས་དོན་དུ། ལ་དྭགས་ས་གནས་སུ་མི་རབས་རྒན་པ་རྣམས་ནས་རང་གི་སྐད་དང་རིག་གཞུང་ཉར་ཚགས་ཆེད་སྤྱི་སེམས་ཇི་ཙམ་ཡོད་པ་བཞིན་གཞོན་སྐྱེས་ཚོར་སེམས་འཁུར་འདི་ཙམ་མེད་པའི་རྐྱེན་ད་རེས་ལ་དྭགས་ལ་བོད་ཀྱི་ན་གཞོན་དགའ་སྟོན་ཞེས་པ་དེ་གོ་སྒྲིག་ཞུས་པ་ཡིན་ཞེས་གསུངས་བྱུང་།

བོད་ཀྱི་གཞས་སྣ་ཁག་ཅིག་འཁྲབ་སྟོན་གནང་པ། ༢༠༢༦།༧།༡༡
ལ་དྭགས་ལྕོཊ་ལམ་སར་རུ་བོད་ཀྱི་ན་གཞོན་དགའ་སྟོན་འཚོཊ་པ། བོད་ཀྱི་གཞས་སྣ་ཁག་ཅིག་འཁྲབ་སྟོན་གནང་པ། ༢༠༢༦།༧།༡༡ (RFA Tibetan)

བོད་ཀྱི་རིག་གཞུང་གཙོ་བཟུང་ཐོག་བོད་ཀྱི་དུས་སྟོན་དེའི་ནང་། ཟློས་གར། སྨན་ལ་སོགས་པའི་སྐོར་འགྲེམས་སྟོན་གནང་སྐབས། བོད་པའི་གཞོན་སྐྱེས་ཡིན་ཟེར་དུས་ཚོར་བ་ཇི་འདྲ་ཡོང་གི་ཡོད་མེད་བཀའ་འདྲི་ཞུས་པར་པདྨ་བཀྲིས་ལགས་ཀྱིས་ཁོང་གི་ཨ་མ་ལགས་བོད་པ་ཡིན་ཡང་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་གི་གོ་སྐབས་ཐོབ་པར་བཀའ་དྲིན་ཆེན་པོ་ཡིན་དུས་བོད་སྤྱིའི་གནས་སྟངས་ལ་ལྟ་དུས་དང་བོད་པ་ཟེར་དུས་བ་སྤུ་ལངས་བ་དང་ཚོར་བ་དམིགས་བསལ་ཞིག་སླེབས་ཀྱི་ཡོད་པ་གསུངས་བྱུང་།

ཡང་ལུང་པ་གཞན་དང་མི་འདྲ་བའི་བོད་པ་ཀུན་ལ་ཆ་མཚོན་ན། སོ་སོའི་ལུང་པ་རྒྱ་མིའི་ལག་ནས་མ་ལེན་གྱི་བར་བོད་མི་རྣམས་གཞན་དང་མི་འདྲ་བའི་དམིགས་བསལ་དཀའ་ལས་རྒྱབ་དགོས་པའི་ཐོག་ལ་བསྟན་འཛིན་ཆོས་སྒྲོག་ལགས་ཀྱིས་བསམ་ཚུལ་གསུངས་བྱུང་།

དེང་སང་ཟང་ཟིང་མང་བའི་དུས་སུ་དགའ་སྟོན་འདི་འདྲ་བའི་བརྒྱུད་བོད་པའི་གཞོན་སྐྱེས་རྣམས་ས་ཆ་གཅིག་ལ་འཛོམས་ནས་རང་གི་རིག་གཞུང་ལ་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་ཤིན་ཏུ་དགོས་གལ་ཆེན་པོ་ཡིན་པ་བསྟན་འཛིན་ཆོས་དབྱངས་ལགས་ཀྱིས་གསུངས་བྱུང་།

བོད་ཀྱི་ན་གཞོན་དགའ་སྟོན་སྐབས་རིག་གཞུང་ངོ་སྤྲོད་གནང་པ། ༢༠༢༦།༧།༡༡
བོད་ཀྱི་ན་གཞོན་དགའ་སྟོན་སྐབས་རིག་གཞུང་ངོ་སྤྲོད་གནང་པ། བོད་ཀྱི་ན་གཞོན་དགའ་སྟོན་སྐབས་རིག་གཞུང་ངོ་སྤྲོད་གནང་པ། ༢༠༢༦།༧།༡༡ (RFA Tibetan)

ཡང་བོད་ནང་རྒྱ་ནག་གི་སྲིད་བྱུས་འདྲ་མིན་གྱི་འོག་བོད་ཀྱི་སྐད་དང་རིག་གཞུང་གཏོར་བཤིག་གཏོང་ཐབས་བྱེད་ཀྱི་ཡོད་པར་གཞིགས་ཏེ་ལ་དྭགས་པ་ཞིག་ནས་ཅི་ཐུབ་ཞབས་འདེགས་ཞུ་རྒྱུར་དམིགས་ཏེ་ད་རེས་དགའ་སྟོན་འདིའི་ནང་བསྟན་འཛིན་ཟླ་བ་ནོར་བུ་དང་བསྟན་འཛིན་ཡིད་དགའ་ལགས་ཀྱིས་དྭང་བླངས་རོགས་འདེགས་ཞུ་བར་ཕེབས་འདུག

ཡང་ཧ་ཝའི་ནས་ཡིན་པ་ཊི་མི་ཤི་ཡ་ལགས་ཀྱི་དགའ་སྟོན་དེའི་ནང་མཉམ་ཞུགས་བྱེད་པར་དམིགས་བསལ་སྐྱིད་པོ་བྱུང་ཡོད་པ་གསུངས་བྱུང་། དེ་ཡང་ཁོང་གིས་གསུངས་དོན་དུ། དེ་རིང་ང་རང་འཆར་གཞི་མེད་པར་སྣུམ་འཁོར་གཞོན་ནས་ས་ཆ་གཞན་ཞིག་ལ་འགྲོ་དུས་འདི་ནས་གླུ་གཞས་ཀྱི་སྒྲ་ཐོས་ཏེ་འདིར་ཡོང་དུས་མི་ཤ་ཚ་པོ་མང་པོ་ཞིག་གིས་དགའ་བསུ་དང་མཉམ་བོད་ཀྱི་རིག་གཞུང་སྐོར་ལ་གསར་པ་མང་པོ་ཞིག་གོ་རྟོགས་སྤེལ་བྱུང་། སྤྱིར་བཏང་མི་སུ་ཞིག་གིས་སོ་སོའི་རིག་གཞུང་ཉར་ཚགས་བྱེད་རྒྱུ་དང་མི་རབས་གསར་པ་ལ་ངོ་སྤྲོད་བྱེད་མཁན་ཚོ་ལ་དགའ་བོ་བྱེད་ཀྱི་ཡོད། ཡང་བོད་པའི་རིག་གཞུང་ཟེར་དུས་རང་བཞིན་གྱི་མཛེས་སྡུག་ལྡན་པ་ཞིག་ཡིན་པར་ང་རང་དེ་རིང་ཤེས་རྟོགས་མང་པོ་བྱུང་སོང་། ཡང་གཞོན་སྐྱེས་ཚོས་འགྲེམས་སྟོན་བྱེད་པ་དེ་ཡིད་ལ་ཧ་ཅང་འཇུག་པོ་བྱུང་སོང་ཞེས་གསུངས་བྱུང་།

ཡང་སྲོལ་རྒྱུན་ལྟར་མ་ཎི་རྡོ་བརྐོས་དང་ལག་སྐོར་རང་ཐག་རྒྱུད་རྩམ་པ་ཇི་འདྲ་ཐག་གི་ཡོད་མེད་འགྲེམས་སྟོན་བྱས་ཤིང་། ཕྱེད་ཡོལ་སྲོལ་རྒྱུན་གྱི་རྩེད་མོ་ཐག་འཐེན་སོགས་གོ་སྒྲིག་ཞུས་འདུག