སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནས་སྟངས་དེས་རྒྱ་ནག་གཞུང་གི་བཙན་འོག་ཡོད་པའི་བོད་ནང་གི་བོད་མི་ཡོངས་ཀྱི་གནས་སྟངས་མཚོན་ཐུབ་ཅེས་གསལ་སྟོན་གནང་སོང་།
བོད་ཀྱི་ཆབ་སྲིད་བཙོན་ཟུར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་དུ་དགོངས་པ་རྫོགས་ནས་ལོ་ངོ་ ༡༡ འཁོར་བའི་དུས་སྐབས་དང་བསྟུན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་རིན་པོ་ཆེ་མཆོག་གི་ལོ་རྒྱུས་སྤྱི་དང་། ཁྱད་པར་རྒྱ་ནག་གཞུང་གིས་རིན་པོ་ཆེ་ལ་གཞི་མེད་ཀྱི་ཉེས་འཛུགས་དང་། བཙོན་ཁང་དུ་བཟུང་ནས་མཐར་རིན་པོ་ཆེ་མཆོག་རྒྱ་ནག་གི་གདུག་རྩུབ་འོག་བཙོན་དུ་དགོངས་པ་རྫོགས་པའི་གནས་ཚུལ་ཞིབ་ཕྲ་བཅས་འཁོད་པ། ཉི་མ་ལྷ་མོ་ལགས་ཀྱིས་བདེན་དོན་གླེང་བའི་གཏམ་ཞེས་པའི་བོད་ཡིག་ཕྱག་དེབ་དབྱིན་སྒྱུར་ཞུས་པ་ (No Tongue in Their Mouths: Allegations of Assault in Tenzin Delek Rinpoche’s Death) ཞེས་པ་དབུ་འབྱེད་གནང་ཞིང་། ཕྱག་དེབ་དེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཙམ་མ་ཡིན་པར་རྒྱ་ནག་གཞུང་གི་བཙན་གནོན་འོག་ཏུ་ཡོད་པའི་བོད་མི་ཡོངས་ཀྱི་ཛ་དྲག་དང་ཡ་ང་བའི་གནས་སྟངས་མཚོན་གྱི་ཡོད་ཅེས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། བདེན་དོན་གླེང་བའི་གཏམ་ཞེས་པའི་བོད་ཡིག་ཕྱག་དེབ་དེའི་རྩོམ་སྒྲིག་པ་རྡོ་རྗེ་རིན་ཆེན་ལགས་ཀྱིས། ད་ལྟ་བོད་ནང་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ལ་ལ་རྒྱ་ཡོད་མཁན་མང་པོ་ཞིག་ཡོད་པ་དེ་དག་ལ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལགས་ནང་བཞིན་གྱི་དཀའ་ངལ་འཕྲད་མུས་ཡིན་པས། བོད་མི་རིགས་དེ་མུ་མཐུད་གནས་དགོས་ན་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་སྐད་ཡིག་མི་ཉམས་གོང་འཕེལ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་རེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་གར་ནང་གི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས་བོད་ནང་གི་བོད་མི་ཁག་ཅིག་གིས་ཁོང་ལ་ཡིག་ཐོག་བརྒྱུད་བཙན་བྱོལ་ནང་གི་བོད་མི་ཚོར་ལན་ཕུལ་ཡོད་པ་ཞིག་སྒྲོག་སྦྱང་གནང་སོང་བ་དེའི་ནང་། ང་ཚོ་ཆོལ་ཁ་གསུམ་ཆིག་སྒྲིལ་དགོས་ཤིང་། ཆིག་སྒྲིལ་ཐོག་ནས་བོད་ཆེན་པོའི་ལས་དོན་ལ་འབད་ན་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་ཤར་ཐུབ་ཅིང་། བོད་ནང་ཁྲོམ་སྐོར་འདོད་ཀྱང་ཁྲོམ་སྐོར་བྱེད་པའི་རང་དབང་མིན་འདུག ཚིག་གསུམ་བཤད་འདོད་ཀྱང་སྨྲ་བརྗོད་རང་དབང་མིན་འདུག སྨྲ་བརྗོད་རང་དབང་ཡོད་པ་ནི་རྒྱ་ནག་ལ་ཆེ་བསྟོད་བྱེད་པའི་རང་དབང་ཡོད་པས། བོད་ནང་གི་བོད་མི་རྣམས་ཀྱི་རེ་བ་ནི་བཙན་བྱོལ་ནང་གི་བོད་མ་ིརྣམས་ལ་ཡོད་ཅེས་གསུངས་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས། བོད་མི་རྣམས་ཀྱིས་ཉེ་ལམ་བོད་མི་བློ་དགའ་རང་བཙན་ལགས་ཀྱི་གནད་དོན་གཙོ་བོར་བྱས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱིས་བློས་བཏང་གནང་སྐབས། གནས་སྐབས་ཚོར་བ་སྐྱོ་བ་ཙམ་མིན་པར་ཚོར་བ་དེ་བཞིན་རྒྱུན་བསྲིངས་པའི་ཐོག་བོད་དོན་འཐབ་རྩོད་ཀྱི་ཕྱག་ལས་ཧུར་ཐག་གནང་གལ་ཆེ་ཞེས་གསུངས་ཤིང་། ཐེངས་འདིར་འདོན་སྤེལ་གནང་བའི་ཕྱག་དེབ་དེ་གང་མང་པར་སྐྲུན་གྱིས་རྒྱལ་སྤྱི་ཁྱོན་ཡོངས་ལ་འགྲེམས་སྤེལ་ཐུབ་སྟེ། ཕྱི་རྒྱལ་བ་ཚོས་ཉམས་ཞིབ་ཀྱི་གཞི་རྩ་ཞིག་ཏུ་གྱུར་ཐུབ་པ་བཟོ་དགོས་རྒྱུ་གལ་ཆེ་ཡིན་པ་གསུངས་སོང་།
ཕྱི་ལོ་ ༡༩༥༠ ལོར་མདོ་ཁམས་ལི་ཐང་དུ་འཁྲུངས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་དུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་ཡོད་པ་དང་། རྗེས་སུ་བོད་ནང་ཕྱིར་ཕེབས་ཏེ། ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་སླར་གསོའི་ཕྱག་ལས་རྒྱ་ཆེ་གནང་བའི་དབང་གྱིས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༢ ལོར་ཁྲིན་ཏུའུ་གྲོང་ཁྱེར་དུ་འབར་གས་དོན་རྐྱེན་དང་འབྲེལ་བར་མ་ཉེས་ཁ་གཡོག་གིས་འཛིན་བཟུང་བྱས་ཏེ། ཁོང་ལ་དུས་འགྱངས་སྲོག་ཁྲིམས་དང་ཚེ་བཙོན་གྱི་ཁྲིམས་ཆད་བཅས་བཏང་མཐར་ཁོང་ཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་བཙོན་ཁང་དུ་དགོངས་པ་རྫོགས་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
