ཀོལ་ཀ་ཏ་དང་ཨོསི་ཊརེ་ལི་ཡའི་པརཐི་བཅས་ཀྱི་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་ངོ་རྒོལ་གནང་པ།

རྒྱ་གར་གྱི་ས་མཚམས་བོད་དང་མཉམ་དུ་ཡོད་པ་ལས་རྒྱ་གར་དང་རྒྱ་ནག་བར་ལོ་རྒྱུས་ཐོག་ནས་ས་མཚམས་ཞིག་ནམ་ཡང་ཡོད་མ་རེད་ཅེས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཞིག་གིས་གསུངས་འདུག

རྒྱ་གར་བྱང་ཤར་ནུབ་སྦང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏར་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་བོད་མིས་རྔམ་སྟོན་ལས་འགུལ་སྤེལ་ཏེ་བློ་དགའ་རང་བཙན་ལགས་ཀྱི་དགོས་འདུན་ལ་ཉན་འཇོག་དགོས་པའི་སྐད་འབོད་གནང་འདུག

དེ་ཡང་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་རྒྱ་གར་བྱང་ཤར་ཁུལ་དུ་ཡོད་པའི་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་མཉམ་སྦྲེལ་ཐོག་ཀོལ་ཀ་ཏར་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་གནང་སྟེ་བློ་དགའ་རང་བཙན་ལགས་ཀྱི་དགོས་འདུན་ཁག་ལ་དོ་སྣང་དགོས་པའི་དགོས་འདུན་བཏོན་འདུག་ཅིང་། ལས་འགུལ་ནང་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་ཁག་དྲུག་ཙམ་ནས་བོད་མི་ལས་འགུལ་བ་མི་གྲངས་ ༤༢ དང་ས་གནས་ཀྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་མཉམ་ཞུགས་གནང་འདུག འདི་ནི་ཕྱི་ཟླ་ ༧ ཚེས་ ༢ ཉིན་ཨ་རི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་མདུན་དུ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་དགོངས་པ་རྫོགས་པའི་རྗེས་འཛམ་གླིང་ས་ཕྱོགས་གང་གསར་གནས་སྡོད་བོད་མི་ཚོས་ལས་འགུལ་སྣ་མང་སྤེལ་མུས་ཁོངས་ནས་གཅིག་ཡིན་པ་རེད།

སྦེང་གྷལ་གི་མི་རིགས་ཡིན་པ་བོད་དོན་རྒྱབ་སྐྱོར་བ་རུ་བི་མུ་ཁེར་ཇི་ (Ruby Mukheerji) ལགས་ཀྱིས་བོད་མི་འདུ་འཛོམས་བྱུང་པ་ཚོར་གཏམ་བཤད་གནང་སྐབས་རྒྱ་ནག་གཞུང་ལ་དགོས་འདུན་བཏོན་པའི་ནང་དོན་དུ། འདི་ནི་རྒྱ་ནག་གཞུང་ཚབ་ལ་བརྡ་ལན་ཡིན། ཁྱེད་ཚོ་ཕྲལ་དུ་བོད་ནས་ཕྱིར་ཐོན་དགོས། གང་ལ་ཞེ་ན། བོད་དེ་བོད་མི་ཚོར་དབང་བ་རེད། རྒྱ་གར་གྱི་ས་མཚམས་བོད་དང་མཉམ་དུ་ཡོད་པ་ལས་རྒྱ་གར་དང་རྒྱ་ནག་བར་ལོ་རྒྱུས་ཐོག་ནས་ས་མཚམས་ཞིག་ནམ་ཡང་ཡོད་མ་རེད། ང་ཚོ་རྒྱ་གར་མི་མང་ཚང་མས་བོད་མིར་རྒྱབ་སྐྱོར་ཞུ་གི་ཡོད་ལ། བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་དང་བོད་ཀྱི་བདག་པོ་བོད་མི་རེད། དེར་བརྟེན་རྒྱ་མི་བོད་ནས་ཕྲལ་དུ་ཕྱིར་ཐོན་དགོས་ཞེས་གསུངས་འདུག

དེ་བཞིན་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་། ཀ་ལོན་སྦུག ཤི་ལོང་། མོན་རྟ་དབང་། བསྟན་འཛིན་སྒང་དང་གནས་མཆོག་རྡོ་རྗེ་གདན་ཁུལ་དུའང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་དང་ཁོང་གི་དགོས་འདུན་ཁག་མགྲིན་དབྱངས་གཅིག་ཏུ་འདོན་ཆེད་མར་མེ་ཁྲོམ་སྐོར་དང་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སོགས་སྤེལ་དང་སྤེལ་མུས་རེད་འདུག

ཨོསི་ཊརེ་ལི་ཡར་རྔམ་སྟོན་ལས་འགུལ་སྤེལ་བ།

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༣ ཉིན་ཨོསི་ཊརེ་ལི་ཡ་ནུབ་ཕྱོགས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་རྒྱ་ནག་གཞུང་ཚབ་ཡན་ལག་གི་མདུན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག ལས་འགུལ་བ་ཚོས་གཞུང་ཚབ་ཁང་ནས་དབུ་བཙུགས་ཏེ། པརཐི་ (Perth) གྲོང་ཁྱེར་གྱི་དཀྱིལ་དབུས་ཁྲོམ་གཞུང་བར་དུ་གོམ་བགྲོད་གནང་ཞིང་། ལམ་བར་དུ་ “༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་གཙང་མ་ཡིན། རྒྱ་ནག་བོད་ནས་ཕྱིར་ཐོན། དཔའ་བོ་རང་བཙན་བློ་དགའ་རྒྱལ་རྒྱུར་ཅིག་” སོགས་ཀྱི་འབོད་ཚིག་བསྒྲགས་འདུག

སྐབས་དེར་ས་གནས་ཀྱི་ཕྱི་རྒྱལ་མི་མང་མང་པོ་ཞིག་གི་སེམས་འགུལ་ཐེབས་པའི་རྣམ་འགྱུར་བསྟན་པ་མ་ཟད། ཁ་ཤས་ཤིག་གིས་ལས་འགུལ་ནང་མཉམ་ཞུགས་ཀྱང་གནང་ཡོད་ཅེས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གནས་ཚུལ་སྤེལ་འདུག ལྷག་པར་དུ་སློབ་ཕྲུག་མང་པོ་ཞིག་གིས་ཡ་མཚན་དང་ཧ་ལས་པའི་ངང་ནས་ལས་འགུལ་ལ་དོ་སྣང་བྱས་ཏེ། བོད་དོན་སྐད་འབོད་ལ་མཉམ་ཞུགས་དང་གནས་ཚུལ་གང་ཡིན་སྐོར་ལ་བཀའ་འདྲི་གནང་པ་སོགས་ས་གནས་དེར་མི་གྲངས་ཉུང་ངུ་ལས་མེད་ནའང་། ལས་འགུལ་གོ་སྒྲིག་ཚགས་ཚུད་པོ་བྱུང་བ་དང་། ནུས་པ་དང་ཤུགས་རྐྱེན་ཆེན་པོ་སྤེལ་ཐུབ་པ་བྱུང་ཡོད་ཅེས་གསུངས་འདུག

ཁ་སྣོན་གསར་འགོད། བཀྲ་དབང་།