ལ་དྭགས་བྱང་ཐང་ཁུལ་དུ་“དཔའ་བོ་བློ་དགའ་རང་བཙན་རྗེས་དྲན་གྱི་རྟ་རྒྱུག་”ཅེས་པ་གོ་སྒྲིག་ཞུས་འདུག་ཅིང་། “བོད་རང་བཙན་མ་ཐོབ་ཀྱི་བར་རྩེད་འགྲན་འདི་གནང་རྒྱུ་ཡིན་”ཞེས་གསུངས་པ།
ལ་དྭགས་བྱང་ཐང་སུམ་མདོ་དང་ཉེ་འཁོར་གྱི་བོད་པ་དང་ལ་དྭགས་ཡུལ་མི་མཉམ་འཛོམས་ཐོག་ལོ་ལྟར་རྒྱ་གར་གཉིས་མཚོ་འགྲམ་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་སྲུང་བརྩིའི་ཆེད་ལ་དྭགས་བསོད་ནམས་གླིང་གཞིས་ཁོངས་ཀྱི་བོད་པའི་གཞོན་སྐྱེས་བཞིས་”དཔའ་བོ་བློ་དགའ་རང་བཙན་རྗེས་དྲན་གྱི་རྟ་རྒྱུག་”ཅེས་གོ་སྒྲིག་ཞུས་འདུག

དེ་ཡང་གཞོན་སྐྱེས་བཞིའི་སྐུ་ཚབ་ཀརྨ་བསྟན་འཛིན་ལགས་ཀྱིས་གསུངས་དོན་དུ། གྲོགས་པོ་བཞི་ནང་ཁུལ་དུ་དངུལ་བསྡུ་རུབ་བྱེད་ནས་རྟ་རྒྱུག་ནང་ཨང་རིམ་སོན་པ་ཚོར་བྱ་དགའ་འབུལ་རྒྱུ་དང་ཉེ་འཁོར་དུ་བློ་དགའ་རང་བཙན་ལགས་ཀྱི་འདྲ་པར་འདོན་སྤེལ་བྱེད་པ། ཡང་མ་འོངས་པར་ཕྱི་ཟླ་ ༧ ཚེས་ ༥ ཉིན་བོད་ཕྱི་ནང་གཉིས་སུ་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་མང་པོ་བྱུང་ཡོད་པ་ཀུན་གྱི་དྲན་རྟེན་སྤྱི་དང་ཡང་སྒོས་དཔའ་བོ་བློ་དགའ་རང་བཙན་དྲན་རྟེན་གྱི་རྟ་རྒྱུག་ཅེས་འགྲན་བསྡུར་གྱི་ལས་རིམ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང་། ཁོང་རྣམས་ནི་བོད་པའི་འབྲོག་ཕྲུག་ཡིན་པའི་ཆ་ནས་བོད་ཀྱི་སྲོལ་རྒྱུན་རྟ་རྒྱུག་དེ་མི་ཉམས་རྒྱུན་འཛིན་གནང་རྒྱུ་དང་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་ཚོའི་སྙིང་སྟོབས་ལ་རྗེས་དྲན་ཞུ་ཕྱིར་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་གསུངས་བྱུང་།
ཡང་ད་རེས་ཁོང་རྣམས་ཀྱི་ལས་འགུལ་དེ་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་བོད་ཀྱི་འཐབ་རྩོད་ཟེར་དུས་ཚོགས་པ་ཁག་གིས་སྣེ་འཁྲིད་གནང་དགོས་པའི་བསམ་བློ་འཁྱེར་མཁན་མང་པོ་ཞིག་ཡོད་པ་དེ་ལས་ལྡོག་སྟེ་བོད་པ་མི་རེ་ངོ་རེ་ནས་འགན་འཁྱེར་རྒྱུ་དང་། དེ་བཞིན་ཡང་བྱང་ཐང་ས་གནས་ནི་བོད་ཀྱི་ས་མཚམས་དང་ཉེ་འགྲམ་དུ་འཁེལ་གྱི་ཡོད་པའི་ཆ་ནས་ལས་འགུལ་འདི་དག་དམིགས་བསལ་དགེ་ཚན་དུ་གཟིགས་ཡོད་པ་གསུངས་བྱུང་།།
བརྙན་པར་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན།
