ཕྱི་ཟླ་ ༧ ཚེས་ ༡༥ ཉིན་གྱི་དགོང་དྲོར་ཐའེ་ཝན་གྱི་རྒྱལ་ས་ཐའེ་སྦེ་ཡི་རང་དབང་ཐང་ཆེན་དུ་འདུ་འཛོམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་མདུན་རང་སྲེག་ངོ་རྒོལ་གནང་མཁན་བློ་དགའ་རང་བཙན་ལགས་སུ་མྱ་ངན་དང་། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་ལག་བསྟར་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། རྒྱ་ནག་ཁྲིམས་གཞི་དེར་བོད་མི་ཙམ་མ་ཟད། ཧོང་ཀོང་དང་། ཡུ་གུར། ཐའེ་ཝན་བཅས་ཀྱི་མི་རིཊ་སྣ་ཚོགས་ཀྱིས་འདིར་གདོང་ལེན་དང་ཁ་གཏད་གཅོག་གི་ཡོད་པ་གསུངས་འདུག
བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲིས་ཚེ་རིང་ལགས་ཀྱིས། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མཆོད་མེ་ཕུལ་བ་འདིར་ཐའེ་ཝན་གྱི་མི་མང་དང་། དམིགས་བསལ་ཐའེ་ཝན་གྱི་གཞོན་སྐྱེས་མང་པོས་ཧ་ལས་པའི་གདུང་སེམས་མཉམ་སྐྱེད་དང་བསྔགས་བརྗོད་ཞུ་བཞིན་འདུག་ཅེས་གསུངས་བྱུང་།
ད་རེས་ཀྱི་འདུ་འཛོམས་འདི་ནི་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནས་རྗེས་སྐུ་གཤེགས་ནས་བདུན་ཚིགས་གཉིས་པའི་སྐབས་དེར་བོད་མི་དང་ཧོང་ཀོང་བ། ཡུ་གུར་བ། ཐའེ་ཝན་ས་གནས་ཀྱི་མི་སྣ་བཅས་མཉམ་ཞུགས་ཀྱིས་སྤེལ་བ་ཞིག་དང་། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི། བློ་དགའ་རང་བཙན་ལགས་ཀྱི་རེ་འདོད་ལྟར། ང་ཚོ་ཚང་མ་ཆིག་སྒྲིལ་གྱིས་རྒྱ་ནག་གཞུང་གི་བཙན་དབང་ལ་ཁ་གཏད་གཅོག་རྒྱུ་དེ་ཡིན་ཞེས་བརྗོད་འདུག

ད་རེས་ཀྱི་འདུ་འཛོམས་འདིའི་ཐོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བཏང་སྟེ་རྒྱ་ནག་གིས་བོད་ནང་བཙན་གནོན་བྱས་པར་ངོ་རྒོལ་གནང་སྐོར་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་སྐོར་གྱི་ཁྲིམས་འདིས་བོད་མིའི་དད་མོས་དང་རིག་གཞུང་ནམ་ཡང་ནག་བསུབ་གཏོང་ཐུབ་རྒྱུ་མིན་པ་གསུངས་པ་མ་ཟད། བོད་དང་། ཡུ་གུར། ཧོང་ཀོང་། ཐེ་ཝན་བཅས་ཀྱིས་མཉམ་རུབ་ཐོག་རྒྱ་ནག་གི་སྒེར་གཅོད་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་བཞིན་ཡོད་པ་ནན་བརྗོད་གནང་འདུག།
བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲིས་ཚེ་རིང་ལགས་མུ་མཐུད་གསུངས་པར། གསུང་བཤད་གནང་མཁན་ནང་ཐའེ་ཝན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་འགན་འཛིན་རྣམ་པ་དང་། དམིགས་བསལ་མཐོ་རིམ་སློབ་གྲྭར་སྐྱོད་བཞིན་ཡོད་པའི་གཞོན་སྐྱེས་མང་པོས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་ལུས་མཆོད་མེ་ཕུལ་བར་བསྔགས་བརྗོད་དང་གདུང་སེམས་མཉམ་སྐྱེད་ངང་ཁོང་ཚོར་ཚོར་བ་རྣོ་པོའི་ཐོག་ནས་བཀའ་མོལ་མང་པོ་གནང་སོང་ཞེས་གསུངས་བྱུང་།

ད་རེས་ཚེས་༡༥ཉིན་བློ་དགའ་རང་བཙན་ལགས་ཀྱི་སྐུ་གཤེགས་ནས་མདུན་ཚིགས་གཉིས་པ་འཁེལ་ཡོད་པས། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ཐའེ་ཝན་གྱི་བོད་པའི་ཚོགས་པ། བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་བཅས་ནས་ཐུན་མོང་ཐོག་གོ་སྒྲིག་གནང་པ་ཞིག་རེད་འདུག་ལ། འདུ་འཛོམས་ཐོག་འབྲེལ་ཡོད་མི་སྣའི་གསུང་བཤད་དང་། བློ་དགའ་ལགས་རང་ལུས་མེར་བསྲེགས་མ་བཏང་གོང་ཞལ་ཆེམས་ཀྱི་ཚུལ་དུ་ལེན་པའི་བརྙན་འདི་སྟོན་ནས་ཁོང་གི་སྐུ་པར་ལ་མཇལ་དར་ཕུལ་བ་སོགས་ཀྱི་ཐོག་ནས་མྱ་ངན་ཞུས་ཡོད་འདུག
རྒྱ་ནག་གི་ཁྲིམས་དང་བོད་མིའི་རང་སྲེག་ངོ་རྒོལ།
ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གིས་ 《མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་》ཟེར་བ་ལག་བསྟར་བྱས་ནས། བོད་ནང་གི་སྐད་ཡིག་དང་ཆོས་ལུགས་རྩ་མེད་གཏོང་བའི་རྒྱ་ནག་ཅན་གྱི་སྲིད་བྱུས་ཤུགས་ཆེ་རུ་བཏང་གི་ཡོད་པས་ངོས་འཛིན་བྱེད་བཞིན་ཡོད་ལ། གནད་དོན་འདིའི་འོག་བོད་མི་ཙམ་མ་ཡིན་པར་ གྲངས་ཉུང་མི་རིགས་གཞན་ལའང་དཀའ་ངལ་འཕྲད་བཞིན་ཡོད།

ཟླ་ ༧ ཚེས་ ༢ ཉིན་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་ལྟའི་བར་ཁྱོན་བསྡོམས་བོད་མི་ ༡༧༠ ལྷག་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཆེད་དང་། ༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་པའི་འབོད་སྐུལ་འོག་རང་ལུས་མེར་བསྲེགས་ཐོག་ནས་ལས་འགུལ་སྤེལ་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
