འབྲས་ལྗོངས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་ས་གནས་ཡུལ་མིས་མཉམ་ཞུགས་གནང་པ།

ད་རེས་ཧིན་བོད་ས་མཚམས་འབྲས་ལྗོངས་ཁུལ་དུ་བོད་མི་ཚོར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ཆོག་མཆན་སྤྲོད་པ་དེ་མངའ་སྡེའི་གཞུང་མང་གཉིས་ཀྱིས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་གནང་པ་ཞིག་ལ་བོད་མི་ཚོས་ངོས་འཛིན་གནང་བཞིན་འདུག

རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་པའི་དུས་སྐབས་འདིར། ད་རེས་ཧིན་བོད་ས་མཚམས་འབྲས་ལྗོངས་ཁུལ་དུ་བོད་མི་ཚོར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ཆོག་མཆན་སྤྲོད་པ་དེ་མངའ་སྡེའི་གཞུང་མང་གཉིས་ཀྱིས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་གནང་པ་ཞིག་ལ་བོད་མི་ཚོས་ངོས་འཛིན་གནང་བཞིན་འདུག

ཕྱི་ཟླ་ ༨ ཚེས་ ༨ ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ས་གནས་གཞོན་ནུའི་གོ་སྒྲིག་འོག་བློ་དགའ་རང་བཙན་དམ་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་ཞུ་ཆེད་སྒང་ཏོག་ (By-pass) གཞུང་ལམ་ནས་ས་གནས་རྫོང་གི་ཁྲིམས་ཁང་བར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་སོང་པར་ས་གནས་ཡུལ་མིས་མཉམ་ཞུགས་གནང་འདུག

སྒང་ཏོག་ཏུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས། ༢༠༢༦།༠༨།༠༨
སྒང་ཏོག་ཏུ་རྔམ་སྟོན་ཁྲོམ་སྐོར་གནང་པ། སྒང་ཏོག་ཏུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས། ༢༠༢༦།༠༨།༠༨ (RFA Tibetan)

སྐབས་དེར་ས་གནས་ཡུལ་མི་བྷསི་ཀར་པརཱ་དྷན་གྱིས། ཉེ་ཆར་རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་ཀྱི་ཚོང་ལམ་སྒོ་མོ་ཕྱེ་སྟེ་འབྲེལ་བ་བཟང་དུ་སོང་ཡོད་ཀྱང་། འབྲེལ་བ་འདི་དུས་ཡུན་ཇི་ཙམ་རིང་གནས་མིན་དེ་གཤོད་ཚོད་ཁག་པོ་རེད། རྒྱ་ནག་ལ་ང་ཚོས་ཡིད་ཆེས་ག་ཚོད་བྱེད་ཀྱང་རྒྱ་ནག་གིས་དུས་རྟག་ཏུ་ལྐོག་ནས་རྒྱ་གར་གྱི་ས་ཆ་ལ་བཙན་འཛུལ་བྱེད་བཞིན་ཡོད་པ་རེད། དེར་བརྟེན་ནས་ང་ཚོས་རྒྱ་གར་རྒྱལ་ཁབ་ཀྱི་ཉེན་སྲུང་ཆེད་བོད་མིའི་རང་དབང་ཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུ་དེ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཉིན་ཁ་ཤས་གོང་ཨ་རུ་ན་ཅལ་དང་བོད་ཀྱི་མཐའ་མཚམས་ས་ཐིག་ཉེ་ཁུལ་སུ་སྦན་ས་རི་རྫོང་ (Subansiri District) གི་སྟག་སེང་ (Taksing) གྱི་ས་མཚམས་ཉེ་འཁྲིས་སུ་རྒྱ་དམག་འཛུལ་ཞུགས་བྱེད་པའི་བརྙན་ཐུང་ཞིག་དྲ་རྒྱའི་ཐོག་རྒྱ་ཁྱབ་བྱུང་ཡོད་པ་དང་། ཨ་རུ་ན་ཅཱལ་གྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་འདི་ནི་འུར་སྒྲོག་ཡིན་པ་ལས། རྒྱ་གར་ས་སྲུང་དམག་མིས་ལས་དོན་གནང་བཞིན་ཡོད་པ་དང་ས་གནས་ཀྱི་ཡུལ་མི་དང་དམག་དོན་འབྲེལ་ཡོད་ཚོར་བཀའ་མོལ་གནང་སྟེ་རྩད་གཅོད་གནང་གི་ཡིན་ཞེས་རེས་གཟའ་པ་སངས་ཉིན་བརྒྱུད་ལམ་ཁག་ལ་གསུངས་ཡོད་པ་རེད།

ཡང་བོད་དོན་སྐད་འབོད་ནང་ཞུགས་པའི་ཡུལ་མི་ཨ་ཝི་ནམ་ལགས་ཀྱིས་གསུངས་དོན་དུ། ང་ཚོ་འབྲས་ལྗོངས་པ་ཚོས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་དང་བསམ་གཞིགས་བྱེད་རྒྱུ་དེ་གནད་འགག་ཆེན་པོ་ཞིག་མཐོང་གི་འདུག ཡུལ་བབ་སྲིད་བྱུས་ཀྱི་ཐོག་ནས་ང་ཚོ་བོད་དང་ས་འབྲེལ་ཆགས་ཀྱི་ཡོད་དུས་བོད་ནང་གི་གནས་སྟངས་ལ་རྒྱུས་ལོན་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ངས་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུ་དེ་བོད་ནང་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་གདུག་རྩུབ་གཏོང་བཞིན་པར་མཐའ་གཅིག་ཏུ་དགག་པ་ཞུ་ཆེད་དུ་ཡིན་ཞེས་གསུངས་བྱུང་།

དེ་མཚུངས་ཕྱི་ཟླ་ ༨ ཚེས་ ༧ ཉིན་འབྲས་ལྗོངས་མངའ་སྡེའི་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་གནས་སྡོད་བོད་མི་ཚོས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་བོད་མི་བློ་དགའ་རང་བཙན་དབུས་གཞན་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚང་མར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། པ་སངས་ཚེ་རིང་།