སྟོད་ལྷོ་བྱང་དང་མངའ་རིས་སྐོར་གསུམ་ཁུལ་དུ་དགོན་སྡེ་སོགས་རིག་གནས་གསར་བརྗེའི་སྐབས་སུ་རྩ་གཏོར་བཏང་པ་རྣམས་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་པ།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ རྗེས་དང་ལྷག་པར་རིག་གནས་གསར་བརྗེའི་སྐབས་བོད་ཁུལ་དང་། ལྷག་པར་ལ་སྟོད་ལྷོ་བྱང་དང་མངའ་རིས་སྐོར་གསུམ་ཁུལ་དུ་དགོན་སྡེ་སོགས་བརྒྱ་ཆ་བརྒྱད་བཅུ་ཙམ་རྩ་གཏོར་བཏང་ཡོད་པ་རྣམས་ཀྱི་ལོ་རྒྱུས་ཁག་ཀློག་པ་པོའི་མིག་མདུན་དུ་ཡིག་ཐོག་ནས་སྟོད་ཡིག་ཚང་ཆེན་པོའི་དཔེ་དེབ་བརྒྱུད་འཇོག་ཐུབ་ཡོད་པ་རྩོམ་པ་པོས་གསུང་གི་འདུག
དེ་ཡང་དཔེ་དེབ་དེའི་རྩོམ་པ་པོ་འབུམ་རམས་པ་བློ་བཟང་ཆོས་གྲགས་ལགས་ཀྱིས། དཔེ་དེབ་འདི་དག་གི་ནང་དུ་སྔར་གྱི་དགོན་པ་དེ་དག་ས་ཕག་གིས་འཛུགས་སྐྲུན་བྱས་མེད་ཀྱང་། ཡིག་ཐོག་ནས་ཀློག་པ་པོའི་སྤྱན་ལམ་དུ་སྔར་གྱི་དགོན་སྡེ་རྩ་ཆེན་དེ་དག་ནང་གི་སློབ་གཉེར་དང་འཆད་ཉན། ཆོ་ག་ཕྱག་ལེན་གནང་ཚུལ། སླར་ཡང་གསོན་པོར་བཟོས་པ་ལྟར་དུ་བསྐྲུན་ཡོད་ཅིང་། དེ་ཡང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ དང་ལྷག་པར་རིག་གནས་གསར་བརྗེའི་སྐབས་རྙིང་བཞི་རྩ་གཏོར་གྱི་ཁོངས་སུ་གཙོ་ཆེ་ཤོས་བོད་ནང་གི་དགོན་སྡེ་ཁག་རྩ་གཏོར་བྱས་ཡོད་པ་ལས། དགོན་སྡེ་དེ་དག་རྩ་གཏོར་མ་བཏང་གོང་གི་གནས་སྟངས་དང་བཏང་རྗེས་ཀྱི་གནས་སྟངས་སོགས་མདོར་ན་དེ་ནི་རིག་གནས་ཀྱི་ལོ་རྒྱུས་ཡང་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་གྱི་རྗེས་སུ་སྤྱིར་བོད་ཁུལ་གྱི་དགོན་སྡེ་དང་གནས་ཁག་བརྒྱ་ཆ་བརྒྱད་ཅུ་ཙམ་ཞིག་རྩ་གཏོར་དུ་ཕྱིན་ཟིན་ཞིང་། བརྒྱ་ཆ་ཉི་ཤུ་ཙམ་སླར་གསོ་བྱུང་ཡོད་ཀྱང་། སླར་གསོ་བྱུང་བ་དེ་དག་གི་ནང་ཕྱིའི་རྣམ་པ་ཡར་རྒྱས་དང་རྟེན་མཇལ་བ་ཙམ་ཞིག་ལས། ནང་གི་སློབ་གཉེར་དང་ཆོ་ག་ཕྱག་ལེན་གཏིང་ཟབ་སླར་གསོ་ཐུབ་དཀའ་བ་ཞིག་ཆག་ཡོད་ལ། མདོར་ན་རྒྱ་ནག་གཞུང་གིས་བོད་ནང་གི་བསྟན་པ་རྨང་གཞི་ནས་བཤིག་པ་ལྟར་དུ་ཆགས་ཡོད་པ་གསུང་གི་འདུག
ལ་སྟོད་ཡིག་ཚང་ཆེན་མོ་དང་འབྲེལ་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་རིམ་པར་སྤེལ་བ་སོགས་བོད་ཆགས་འཇིག་གི་དུས་ཚོད་འདིར། བོད་མི་རྣམས་ཀྱིས་བོད་ཀྱི་གནའ་བོའི་ལོ་རྒྱུས་ལ་ཉམས་ཞིབ་དང་། ལྷག་པར་དུ་ཆོས་ཕྱོགས་དང་འབྲེལ་བའི་དེབ་ཕྲེང་ཧ་ཅང་མང་པོ་མཐོང་རྒྱུ་ཡོད་ཀྱང་། བོད་མིའི་སྤྱི་ཚོགས་ཀྱི་གནས་བབ་གསལ་བ་ལུང་ཁུག་ཁག་གི་འཚོ་བ་སྐྱེལ་ཚུལ་དང་། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་སྐོར་ལ་ཉམས་ཞིབ་ཀྱིས། དེབ་གཟུགས་སུ་བཀོད་དགོས་རྒྱུ་དེ་མི་ཐོག་རྗེས་མ་ཚོའི་ཆེད་ཙམ་མ་ཟད་བོད་ཀྱི་རྩ་དོན་འཚོ་གནས་ཀྱི་ཆེད་དུ་ཡང་གལ་ཆེན་པོ་ཡིན་ཞེས་གསུངས་སོང་།
རྩོམ་འབྲིའི་རྒྱུ་ཆར་གནའ་བོའི་ཆོས་འབྱུང་རྒྱལ་རབས་དང་། རྣམ་ཐར་རྟོགས་བརྗོད། གསུང་འབུམ་དང་མགུར་འབུམ། ཡུལ་སྡེའི་ཆགས་རབས་དང་མི་སྒེར་གྱི་ལོ་རྒྱུས། གནས་རི་དང་གནས་མཚོའི་བཤད་པ། བསྟན་རྩིས་དང་གྲུབ་མཐའ། བྲག་བརྐོས་དང་རྡོ་རིང་ཡི་གེ འབྲེལ་ཡོད་མི་སྣར་བཅར་འདྲི་སོགས་ཀྱི་བརྒྱུད། ནང་དོན་གྱི་ཆ་ནས་ལ་སྟོད་ལྷོ་བྱང་དང་མངའ་རིས་སྐོར་གསུམ་གྱི་དགོན་པ་ ༣༢༩ ། གནའ་ཤུལ་ ༧༥ ། མཆོད་རྟེན་ ༥༥ སོགས་རེ་རེའི་ཞིབ་ཕྲའི་ལོ་རྒྱུས་འཁོད་ཡོད་པ་དང་། དགོན་གནས་གཅིག་ལ་ཆ་མཚོན་ན། དགོན་གནས་དེ་ག་དུས་ཕྱག་བཏབ་མིན་དང་། ས་གནས་འཛིན་སྐྱོང་བྱེད་མཁན་གདན་རབས་ག་ཚོད་ཕེབས་ཡོད་མེད། དགོན་པ་དེའི་ནང་གི་མཁས་གྲུབ་སྐྱེས་ཆེན་ག་ཚོད་ཀྱིས་བསྟན་འགྲོའི་དོན་མཛད་ཡོད་པ། བོད་ཀྱི་རིག་གནས་ཀྱི་དོན་ལ་ཕྱག་རྗེས་གང་མཛད་ཡོད་མིན། དགོན་པ་དེའི་དར་རྒུད་བྱ་ཚུལ་སོགས་འཁོད་ཡོད་པ་རྩོམ་པ་པོས་གསུང་གི་འདུག་ལ། སྟོད་ཡིག་ཚང་ཆེན་མོའི་ཕྱག་དེབ་དེ་བཞིན་དབུ་འབྱེད་མ་གནང་བའི་གོང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་པར་ཕུད་སྤྱན་འབུལ་ཞུས་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
