ཨོའསི་ཊེ་ལི་ཡའི་ནང་གནས་སྡོད་བོད་མི་ཁག་ཅིག་གིས་པེ་ཅིང་ཨོ་ལོམ་པིཀསི་རྩེད་འགྲན་མཇུག་སྒྲིལ་དང་འབྲེལ་ཆུ་ཚོད་༢༤རིང་ཟས་བཅད་ངོ་རྒོལ་གནང་བ།

0:00 / 0:00

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨོའསི་ཊེ་ལི་ཡའི་ Victoria མངའ་ཁུལ་གྱི་བོད་མི་ཚོས་ས་གནས་སུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མདུན་དུ། ཕྱི་ཚེས་ ༡༩ ཉིན་གུང་ནས་ཕྱི་ཚེས་ ༢༠ ཉིན་གུང་བར་ཆུ་ཚོད་༢༤རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ས་གནས་བོད་རིགས་མཐུན་ཚོགས་ཀྱིས་ལས་འགུལ་དེ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་འདི་ག་རླུང་འཕྲིན་ཁང་ལ་འབྱོར་བའི་ནང། Victoria མངའ་ཁུལ་གནས་སྡོད་བོད་མི་བསྟན་འཛིན་ཞུ་བ་ཞིག་གིས་པེ་ཅིང་གི་ཨོ་ལོམ་པིཀསི་རྩེད་འགྲན་དེ་འགྲོ་བཞིན་པའི་དུས་སྐབས་འདིར་ང་ཚོའི་ནང་མི་རྣམས་ལ་བཙན་གནོན་དང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་ཡོད་པ་རེད། འཛམ་གླིང་གི་མི་མང་རྣམས་ཨོལོམ་པིཀསི་རྩེད་འགྲན་དེར་དོ་སྣང་བྱེད་བཞིན་པའི་དུས་སྐབས་འདིར། བོད་ནང་གི་བོད་མི་རྣམས་ཞི་བའི་ངོ་རྒོལ་བྱས་པར་རྒྱ་མིས་འཛིན་་བཟུང་བྱེད་པ་མ་ཟད་བོད་ནང་ད་དུང་ཡང་ཆབ་སྲིད་བཙོན་པ་མང་པོ་ཡོད་པ་དེས་སེམས་ནང་ཧ་ཅང་གི་བློ་ཕམ་འདུག་ཅེས་གསུངས་འདུག པེ་ཅིང་གི་ཨོ་ལོམ་པིཀསི་རྩེད་འགྲན་སྐབས་བོད་མིའི་ཐོག་དྲག་གནོན་མུ་མཐུད་བྱེད་བཞིན་པའི་གནས་ཚུལ་ཐོན་བཞིན་པ་མ་ཟད། རྒྱ་ནག་གི་དཔོན་རིགས་ཚོས་བོད་མི་ཚོའི་ལག་ཐོག་ཁ་པར་ནང་སོ་ལྟའི་མཉེན་ཆས་བླུག་དགོས་བཟོས་པ་དེས། བོད་ནང་གི་བོད་མི་ཚོས་ཕྱི་རྒྱལ་ལ་འབྲེལ་བ་བྱེད་སྐབས་སོ་ལྟའི་རྟོག་ཞིབ་བྱེད་ཀྱི་ཡོད་པའི་སྐོར་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་གནང་འདུག གཞན་ཡང་པེ་ཅིང་གི་ཨོ་ལོམ་པིཀསི་རྩེད་འགྲན་སྐབས་བོད་མི་སྤྱི་དང་ལྷག་པར་དུ་བོད་ནང་ཆབ་སྲིད་བཙོན་པ་རྣམས་ལ་འགྲོ་སྡོད་སྤྱོད་གསུམ་ཐོག་དམ་དྲག་དང་རྣམ་ཀུན་ནས་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་གཏན་ནས་མེད་པའི་སྐོར་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་གནང་འདུག
གོང་ཞུས་ཀྱི་རྒྱ་མིའི་གཞུང་ཚབ་ཡན་ལག་ཁང་མདུན་གྱི་ལས་འགུལ་དེར་ཨོའསི་ཊེ་ལི་ཡའི་གཞུང་གིས་འགོག་རྐྱེན་བཟོས་གནང་མེད་པ་མ་ཟད། ཨོའསི་ཊེ་ལི་ཡའི་མི་མང་ནས་ཀྱང་རྒྱབ་སྐྱོར་གྱི་རྣམ་པ་སྟོན་གནང་གི་ཡོད་པའི་སྐོར་ Victoria བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གིས་གནས་འདྲི་ཞུ་སྐབས་གསུངས་བྱུང་།།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག