བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྫོང་དཀར་ཆོས་སྡེ་དགོན་པས་གནས་བཅུ་དང་འབྲེལ་བའི་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་སྦྲགས། ༧སྐུའི་གོ་སྟོན་དང་བསྟུན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་ཚེ་བུམ་དང་། སྐྱིད་གྲོང་འཕགས་པ་ལྷ་ཁང་དུ་ཇོ་བོ་ཝ་ཏིའི་སྐུ་རྟེན་བཞུགས་པ་མཁན་ལས་ཟུར་རྣམ་གཉིས་ཐུན་མོང་གིས་འབུལ་ལམ་ཞུས་ཡོད་པ་རེད།

རྫོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་ཐུབ་བསྟན་ཚེ་རིང་ལགས་ཀྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གོ་སྐབས་དེ་འདྲ་ཡང་ཡང་ཐོབ་རྒྱུ་མེད། ཐེངས་འདིའི་བརྟན་བཞུགས་སྐབས་སུ་༧སྐུ་མདུན་གྱིས་ཐུགས་དགྱེས་པོ་ཞེ་དྲགས་གནང་སོང་བས། བསོད་ནམས་དང་ཚོགས་བསགས་སོང་བསམ་པའི་ཚོར་བ་དང་། ཚེ་རབས་ནས་ཚེ་རབས་བར་བརྗོད་མི་ཤེས་པའི་ཚོར་བ་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། མཁན་ཟུར་རིན་པོ་ཆེ་བྱམས་པ་བཟོད་པ་ལགས་ཀྱིས། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་དགོས་པ་གལ་ཆེ་བས། གལ་ཏེ་གདུལ་བྱ་ཚོའི་བསོད་ནམས་ཀྱིས་མ་འདང་ན་དེ་ལྟར་མི་ཐུབ་པར་བརྟེན་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་ཆེད་ཐེངས་འདིར་བརྟན་བཞུགས་བསྟར་འབུལ་ཞུས་པ་ཞིག་ཡིན་ཞིང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་ཆེ་མཆོག་གིས་ཐུགས་དགྱེས་པོ་གནང་ཞིང་། ༧སྐུའི་ཞལ་མདངས་ཧ་ཅང་ཡག་པོ་འདུག་པས་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་རྣམས་ནས་ཐུགས་སེམས་སྤྲོ་པོའི་ངང་བཞུགས་རོགས་ཞེས་བརྡ་ལན་ཕུལ་འདོད་བྱུང་ཞེས་གསུངས་བྱུང་།

ཐེངས་འདིར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་འདིའི་ཐོག རྫོང་དཀར་ཆོས་སྡེ་ནས་མཁན་པོ་དང་མཁན་ཟུར་གཙོས་པའི་སློབ་དཔོན། དགེ་བསྐོས། ཕྱག་མཛོད་། ཆོས་སྡེའི་དགེ་འདུན་པ་བརྒྱ་དང་ཉེར་ལྔ་ལྷག་དང་། བོ་དོང་པཎ་ཆེན་གྱི་ཡང་སྲིད་རིན་པོ་ཆེ། སྤང་ནང་རིན་པོ་ཆེའི་ཡང་སྲིད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་བཅས་བཅར་ཡོད་པ་རེད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༢༥ ཉིན་མི་མང་ལ་མཇལ་ཁ་བསྩལ་བའི་ཁྲོད། ཧི་མ་ཅྰལ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཧརཤ་མ་ཧཱ་ཇན་ (Harsh Mahajan) ལགས་ཀྱང་ཆེད་བཅར་ཞུས་འདུག་པས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཧརཤ་མ་ཧཱ་ཇན་ལགས་ཀྱིས། དེ་རིང་ངས་ལོ་ཁ་ཤས་ཀྱི་རྗེས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་གྱི་ཡོད་ཀྱང་། ༧སྐུའི་གཟི་བརྗིད་དེ་བས་མཚར་བ་དང་། མང་ཚོགས་ལ་འབྲེལ་བ་དེ་བས་མང་དུ་སྐྱོང་གནང་མཛད་ཀྱི་འདུག་པས། ༧གོང་ས་མཆོག་གིས་ང་ལ་དབུ་ཐུག་གནང་པར་ངའི་ལུས་པོ་ཆ་ཚང་ལ་ཚོར་བ་དམིགས་བསལ་ཞིག་བྱུང་། ད་ཆ་༧གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་ཀྱི་ཡོད་པས་ང་ཚོས་སྐུ་ཚེ་ཡུན་དུ་བརྟན་ཅིང་སྐུའི་འཕྲོད་བཞེས་གང་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། ངས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་བྱིན་རླབས་དེ་བཞིན་ཧི་མ་ཅཱལ་དང་རྒྱ་གར་ཡོངས་ལ་འཇུག་པའི་སྨོན་འདུན་ཞུ་ཡི་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པར་རྒྱབ་སྐྱོར་ཞུ་རྒྱུ་དང་བོད་མི་རྣམས་ཀྱི་ཆོས་དད་རང་དབང་ལ་སུས་ཀྱང་ཐེ་བྱུས་བྱེད་མི་ཉེན་ཞེས་གསུངས་བྱུང་།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
