བོད་མིར་དམ་དྲག་དང་མི་དགུ་འཛིན་བཟུང་བྱས་འདུག


2014.03.19
འཛིན་བཟུང་བྱས་བའི་བོད་མི་ཚོ་བལ་ཡུལ་གྱི་ཡང་ལེ་ཤོད་ཉེན་རྟོག་བཀག་ཉར་ཁང་ལ་བཀག་ཡོད་པ། ༢༠༡༤།༣།༡༤ འཛིན་བཟུང་བྱས་བའི་བོད་མི་ཚོ་བལ་ཡུལ་གྱི་ཡང་ལེ་ཤོད་ཉེན་རྟོག་བཀག་ཉར་ཁང་ལ་བཀག་ཡོད་པ། ༢༠༡༤།༣།༡༤
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

སྤྱི་ཟླ་གསུམ་པའི་ཚེས་༡༤ཉིན་བལ་ཡུལ་གཞུང་གིས་བོད་མི་ཚོར་དམ་དྲག་ཤུགས་ཆེན་བྱས་ནས་སྔ་ཕྱིར་མི་གྲངས་དགུ་བཀག་ཉར་བྱས་འདུག
དེ་ཡང་བལ་ཡུལ་ནས་གནས་ཚུལ་འབྱོར་བ་ལྟར་ན། ཉེ་བའི་སྤྱི་ཟླ་གསུམ་པའི་ཚེས་༡༤ཉིན་བལ་ཡུལ་གཞུང་གིས་ཡུལ་དེའི་ནང་གི་བོད་མི་སྐྱབས་བཅོལ་བ་ཚོ་གནས་སྡོད་བྱེད་ཡུལ་གང་སར་དམ་དྲག་དང་། བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་བལྟ་རྟོགས་ནན་མོ་བྱས་ནས་སྤྱི་ཚེས་༡༣ཉིན་ཡང་ལེ་ཤོད་ཁུལ་གྱི་ཉེན་རྟོག་པས་དགེ་འདུན་པ་ཡེ་ཤེས་སྤྱིན་པ་དང་། ངག་དབང་བརྩོན་འགྲུས་གཉིས་འཛིན་བཟུང་བྱས་བ་དང་། སྤྱི་ཚེས་༡༤ཉིན་བསྐྱར་དུ་ཡང་ལེ་ཤོད་ཁུལ་གྱི་ཉེན་རྟོག་ཚན་པས་བཙུན་མ་བདེ་མཆོག་མཁའ་འགྲོ་དང་། ཡེ་ཤེས་བརྩོན་འགྲུས། དགེ་འདུན་པ་ཐུབ་བསྟན་ཕུན་ཚོགས་བཅས་མི་གསུམ་འཛིན་བཟུང་བྱས་བ་དང་། རྒྱལ་ས་ཀ་ཐཱ་མན་ཀྲོའུ་ཉེན་རྟོག་ཚན་པས་རབ་བསྟན་དང་། བསྟན་འཛིན་རྣམ་རྒྱལ། ལྷ་མོ། ཀུན་བཟང་བདེ་སྐྱིད་བཅས་སྔ་ཕྱིར་ས་གནས་འདྲ་མིན་ནས་མི་གྲངས་དགུ་འཛིན་བཟུང་བྱས་ཡོད་པ་རེད། དེ་ནི་ཉེན་རྟོག་ཚན་པས་བོད་མི་ཡིན་པར་དྭོགས་ནས་གང་བྱུང་འཛིན་བཟུང་བྱས་པར་བརྟེན་ཁོང་ཚོའི་ཁྲོད་རྒྱ་གར་གྱི་མི་སེར་ཡིན་པ་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་རིགས་ཡོད་མིན་ལ་མ་བལྟོས་པར་ཁོང་ཚོ་ཚང་མ་ཉིན་དེའི་དགོང་དྲོའི་ཆུ་ཚོད་༦པ་བར་བཀག་གཉེར་བྱས་རྗེས་གློད་བཀྲོལ་བཏང་འདུག
དེའི་ཐད་བལ་ཡུལ་ནས་བོད་མི་གྲགས་པ་ལགས་ཀྱིས་བརྗོད་དོན། ཟླ༣ཚེས་༡༠དང་༡༤གཉིས་ལ་བལ་ཡུལ་གྱི་ཉེན་རྟོག་ཚན་པས་ལག་ལ་དྲག་ཆས་ཐོགས་པ་དང་མཉམ་། བོད་མི་གནས་སྡོད་བྱེད་ཡུལ་གང་སར་སྐོར་གཡེང་བྱེད་པ་དང་། ལྷག་པར་དུ་དགེ་འདུན་པ་དང་བཙུན་མའི་རིགས་གཟན་ཤམ་དམར་པོ་གྱོན་མཁན་ཚང་མར་འདྲི་རྩད་དང་སྔོག་གཤེར་བྱེད་བཞིན་འདུག གནས་སྟངས་འདི་ནི་བོད་ནང་རྒྱ་ནག་གིས་དྲག་ཤུགས་ངོམ་ནས་དམ་དྲག་བྱེད་བཞིན་པ་དང་གཅིག་མཚུངས་ཡིན་པ་བརྗོད་བྱུང་། ད་དུང་ཁོང་གིས་བལ་ཡུལ་ནང་ད་བར་ཕལ་ཆེར་བྱུང་མྱོང་མེད་པ་ནི་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ཡོངས་ཁྱབ་གཏམ་བཤད་བོད་མི་ཚོར་སྒྲོག་བརྒྱངས་གནང་ཐུབ་མེད་པ་མ་ཟད་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་ཡང་ཚོགས་བཅུག་མེད་ཟེར།
སྤྱི་ལོ་༢༠༠༨ལོའི་ཟླ་གསུམ་པའི་ཚེས་༡༤ཉིན་ནི་རྒྱ་ནག་གིས་གསུམ་གཅིག་བཞིའི་དོན་རྐྱེན་ཞེས་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་ལ་མིང་འདོགས་བྱས་ནས་ད་བར་མི་ལོ་༦འཁོར་བར་བརྟེན་དམ་དྲག་བྱེད་བཞིན་པ་ཡིན་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎