འཇིཊ་སྐུལ་དམག་སྦྱོང་ནི་དྲག་གནོན་བྱ་རྒྱུའི་ངན་བྱུས་རེད།
2012.08.20
སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་བྲིས་པའི་འབྲུག་གི་འཇིགས་སྐུལ་འཆར་གཞི་ ཞེས་ཁ་བྱང་དུ་འཁོད་པའི་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དེའི་ནང་། རྒྱ་ནག་གིས་འཇིགས་སྐུལ་དྲག་སྤྱོད་འགོག་པའི་དམག་འཐབ་ཟེར་བའི་མིང་ཐོག་ནས་བོད་མི་ཚོའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཐོག་དམ་དྲག་དང་དྲག་གནོན་བྱ་རྒྱུའི་ངན་བྱུས་ཡིན་སྐོར་དང་།
ནག་ཉེས་མེད་པའི་ཉམ་ཆུང་བོད་མི་ཚོར་འཇིགས་སྐུལ་དྲག་སྤྱོད་པའི་ཉེས་མིང་བཙུགས་སྟེ། རྒྱ་ནག་གི་བདེ་འཇགས་དཔུང་དམག་ཚོས་ཡིག་ཆ་རྫུན་བཟོ་དང་།དཔུང་རྟགས་རྫུན་མ་བཟོས་པ། དེ་བཞིན་གོ་མཚོན་དང་འབར་རྫས་སོགས་རྒྱ་མི་རང་ཉིད་ཀྱི་སྦས་ནས་བོད་མིར་མ་ཉེས་ཁ་གཡོག་བཙུགས་པའི་བྱུས་ངན་སྣ་ཚོགས་ཤིག་སྤེལ་ནས་བོད་མི་ཚོ་འཇིགས་སྐུལ་དྲག་སྤྱོད་པར་རྩིས་ནས་རྩ་མེད་བཟོ་རྒྱུའི་དམག་འཐབ་ཡིན་ཁུལ་གྱི་དྲིལ་བསྒྲགས་ལོག་པ་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་གསར་ཤོག་Global Times གིས་རྒྱ་ནག་བདེ་འཇགས་དམག་མིས་ ལྷ་སའི་ཉེ་འཁྲིས་གོང་དཀར་གནམ་ཐང་དང༌། མེ་འཁོར་བབས་ཚུགས་བཅས་པར་འཇིགས་སྐུལ་དྲག་སྤྱོད་འགོག་ཐབས་ཀྱི་དམག་སྦྱོང་ཞིག་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་ཅིང༌། དེའི་ནང༌། རིང་མིན་ཕྱི་ཟླ་༡༡པའི་ནང་ཚུགས་རྒྱུའི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐེངས་༡༨པར་བར་ཆད་གཏོང་རྒྱུར་ ཕྱི་ཕྱོགས་དགྲ་བོའི་སྟོབས་ཤུགས་ཀྱིས་བོད་ནང་གཏོར་རྒོལ་གཏོང་རྒྱུའི་འཇིགས་སྣང་ཡོད་པ་དེ་དག་འགོག་ཐབས་སུ་བོད་ནང་ ༢༠༡༢མཐོ་སྒང་གི་སྲུང་ཆ་ཞེས་པའི་དམག་སྦྱོང་དེ་བྱས་ཡོད་འདུག
རྒྱ་ནག་གི་མི་རིགས་གཙུགས་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་Xiong Kunxin ཡིས་བོད་ལ་རྒྱལ་ཁབ་ཕྱི་ནང་གཉིས་ཀ་ནས་འཇིག་སྐུལ་དྲག་སྤྱོད་ཀྱི་གཏོར་རྒོལ་ཕོག་རྒྱུའི་ཉེན་ཁ་ཡོད་པ་དང༌། ནུབ་ཕྱོགས་དགྲ་བོའི་སྟོབས་ཤུགས་དང་ཏྰ་ལའི་རུ་ཚོགས་ཀྱིས་རྒྱ་ནག་ཁྱོན་ཡོངས་སུ་ཟིང་འཁྲུག་སློང་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་པ་ Global Times ཡིས་ལུང་འདྲེན་བྱས་འདུག།