རྒྱ་གར་ལ་དྭགས་ནང་ཕུན་ཚོགས་སྟོབས་ལྡན་ལགས་ཀྱི་བཤད་སྟངས་ཐད་ངོ་རྒོལ།


2020-06-01
Share
ལ་དྭགས་མཐའ་ཁུལ་ས་མཚམས། ལ་དྭགས་མཐའ་ཁུལ་ས་མཚམས།
དྲ་བཤུས།/BCCL

ལ་དྭགས་ཡུལ་མི་ཕུན་ཚོགས་སྟོབས་ལྡན་ལགས་ཀྱིས་རྒྱ་གར་ནག་གི་ས་མཚམས་རྩོད་རྙོག་ཐད་༧གོང་ས་མཆོག་གིས་ཐུགས་སྣང་མི་བྱེད་པའི་སྐྱོན་བརྗོད་བྱས་པར་ལ་དྭགས་མི་མང་གིས་ངོ་རྒོལ་ཤུགས་ཆེ་བྱས་འདུག

ཉེ་ལམ་ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་གནས་སུ་རྒྱ་ནག་གི་མཐའ་སྲུང་དམག་མི་རྒྱལ་མཚམས་བརྒལ་ནས་སིམ་འཛུལ་གྱིས། རྒྱ་གར་ནག་གི་མཐའ་མཚམས་སྲུང་དམག་བར་གདོང་ཐུག་དང་རྩོད་རྙོག་ཡང་ཡང་བྱུང་བཞིན་པའི་སྐབས་འདིར། རྒྱ་གར་ཨ་ཇི་ཏག་བརྙན་འཕྲིན་ལས་ཁུངས་ཀྱིས་གནད་དོན་དེ་ཚོའི་ཐོག་བགྲོ་གླེང་གནང་སྐབས། རྒྱ་གར་གྱི་ལ་དྭགས་ཡུལ་མི་ཕུན་ཚོགས་སྟོབས་ལྡན་ལགས་ཀྱིས་རྒྱ་གར་ནག་གི་ས་མཚམས་རྩོད་རྙོག་དང་འབྲེལ། རྒྱ་ནག་གིས་ལ་དྭགས་ཀྱི་ས་ཆ་ཟོས་ནས་ཡོང་སྐབས། ཏཱ་ལའི་བླ་མས་གནད་དོན་དེའི་ཐད་སྐད་ཆ་བཤད་དགོས་ངེས་ཆགས་ཀྱི་ཡོད་པ་ལས། ཆོས་གཅིག་པུར་བློ་རྩེ་སྒྲིམ་ནས་བསྡད་ན་འགྲིག་གི་མེད་པ་སོགས་༧གོང་ས་མཆོག་ལ་སྐྱོན་བརྗོད་ཁག་ཅིག་བྱས་པར་བརྟེན། ལ་དྭགས་ནང་པའི་ཚོགས་པ་དང་། དགོན་པའི་ཚོགས་པ། གཞོན་ནུ་ཚོགས་པ་དང་ཨ་མ་ཚོགས་པ་བཅས་གཙོས་མི་མང་གི་ངོ་ཚབ་ཚོས། ཕུན་ཚོགས་སྟོབས་ལྡན་གྱི་སྐྱོན་བརྗོད་ལ་ངོ་རྒོལ་དང་དགོངས་དག་ཞུ་དགོས་པའི་རེ་བ་བཏོན་ཡོད།

དེའི་ཐད་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་(PT)་ཀུན་བཟང་ལགས་ཀྱིས། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་གནང་སྟེ་ཡུན་རིང་འགོར་ཚར་པ་དང་། ད་ཆ་འཛམ་གླིང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཧ་ཅང་གལ་ཆེན་ཞིག་ཡིན་པར། ཁོང་གི་མཚན་ས་མཚམས་རྩོད་རྙོག་གི་ཐོག་འབྲེལ་མེད་ཀྱིས་ཁུར་ཡོང་སྟེ། རྣམ་འགྱུར་སྟོན་སྟངས་སོགས་ཀྱིས་ལ་དྭགས་ཀྱི་ནང་པ་དང་། ནང་པ་མིན་པའི་༧རྒྱལ་བ་རིན་པོ་ཆེར་མོས་གུས་ཡོད་པ་ཚོར་ཕོག་ཐུག་ཆེན་པོ་བྱུང་ཡོད་པས། ཁོང་ཚོས་ཕུན་ཚོགས་སྟོབས་ལྡན་གྱི་སྐད་ཆ་ལ་ངོ་རྒོལ་ཤུགས་ཆེ་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་བཤད་སྒྲུབ་བྱམས་པ་ལགས་ཀྱིས། ༧རྒྱལ་བ་རིན་པོ་ཆེ་ཡིས་ད་ཆ་ཆོས་ཕྱོགས་ཁོ་ནའི་མཛད་འཕྲིན་སྐྱོང་གི་ཡོད་པ་དང་། ཁོང་ནི་ལ་དྭགས་པ་སྤྱི་དང་ཁྱད་པར་ནང་པ་ཚོའི་རྩ་བའི་བླ་མ་ཡིན་པས། དེ་ལ་སུས་ཚིག་ངན་བཤད་ན་ང་ཚོ་ལ་དྭགས་པ་ཡོངས་ཀྱིས་ངོ་རྒོལ་ཡོད་ཅེས་གསལ་བཤད་གནང་ཡོད་པ་རེད།

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ཕུན་ཚོགས་སྟོབས་ལྡན་གྱི་གསུང་སྟངས་དེས་༧གོང་ས་མཆོག་ལ་བརྩི་བཀུར་ཞུ་མཁན་མང་པོས་ཡིད་ཕམ་གནང་གི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེ་ལ་བློ་ཕམ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གནད་དོན་དེའི་ཐད་སྤྱི་ཟླ་༦་པའི་ཚེས་༡་ཉིན་ཕུན་ཚོགས་སྟོབས་ལྡན་གྱིས་དགོངས་སེལ་ཡི་གེ་ཞིག་བྲིས་པའི་ནང་། ཏཱ་ལའི་བླ་མ་ནི་བླ་ན་མེད་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཡིན་པས་ངས་ཁོང་ལ་དད་གུས་བྱེད་བཞིན་པའི་ཁར། ཁོང་གི་མདུན་ནས་དུས་འཁོར་དབང་ཆེན་གྱིས་མཚོན་བཀའ་ཆོས་མང་པོ་ཞུས་མྱོང་བར་བརྟེན། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པར་རྩོད་གཞི་གང་ཡང་མེད། གལ་ཏེ་ངའི་སྐད་ཆ་དེས་མི་ཁག་ཅིག་ལ་ཕོག་ཐུག་བྱུང་ཡོད་ན། སེམས་གཏིང་ནས་དགོངས་སེལ་ཞུ་བཞིན་ཡོད་ཅེས་འཁོད་ཡོད། ཡང་ཕུན་ཚོགས་སྟོབས་ལྡན་ལགས་ནས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ན། ཁོང་གི་འགྲེལ་བརྗོད་དེ་ཚོ་ནི་སྲིད་དོན་རྐྱང་པ་མ་གཏོགས་ཆོས་ལུགས་དང་འབྲེལ་བ་གང་ཡང་མེད་ཐོག གལ་ཏེ་མི་ཁག་ཅིག་ཁོ་ན་ལ་ཕོག་ཐུག་ཤོར་ཡོད་ན་ཁོང་གིས་དགོངས་སེལ་ཞུ་བཞིན་ཡོད། འོན་ཀྱང་། ང་ལ་རྒྱལ་སྤྱིའི་སྲིད་དོན་འབྲེལ་ལམ་དང་རྒྱལ་ཁབ་བདེ་འཇགས་ཀྱི་གལ་གནད་ཐོག་སྐད་ཆ་བཤད་རྒྱུའི་དབང་ཆ་ཡོད་པ་དེ། ཕྱིར་འཐེན་གང་ཡང་གནང་དགོས་དོན་མེད་ཅེས་འགྲེལ་བརྗོད་གནང་སོང་།

ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཐོག་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། ས་མཚམས་ཀྱི་དཀའ་རྙོག་དེ་ནི། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་ཡོད་པས། ཕུན་ཚོགས་སྟོབས་ལྡན་གྱིས་ཞུ་དགོས་ན་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོར་སྐྱོན་བརྗོད་བྱ་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ལ་དྭགས་དགེ་བཤེས་ཚེ་དབང་རྡོ་རྗེ་ལགས་ཀྱིས། ལ་དྭགས་ས་གནས་སུ་ནང་པ་གཅིག་པུ་མིན་པར། ཁ་ཆེ་ཚུན་ཆད་ཀྱིས་༧རྒྱལ་བ་རིན་པོ་ཆེར་དད་གུས་ཆེན་པོ་གནང་གི་ཡོད་པས། ཁོང་ལ་མ་གུས་པ་དང་གཞི་མེད་ཀྱི་སྐྱོན་འཛུགས་དེ་འདྲ་བྱས་ན། ལ་དྭགས་མི་མང་ཚོར་ཧ་ཅང་བློ་ཕམ་ཆེན་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཕུན་ཚོགས་སྟོབས་ལྡན་ལགས་སུ་ངོ་རྒོལ་མཚོན་ཆེད་ལ་དྭགས་སླེ་གྲོང་ཁྱེར་གྱི་ཁྲོམ་ར་ཡོངས་རྫོགས་སྤྱི་ཚེས་༡་ཉིན་སྒོ་བརྒྱབས་ཡོད་ཅིང་། ལ་དྭགས་པ་ཕུན་ཚོགས་སྟོབས་ལྡན་ལགས་ནི་དེ་སྔ་ཀིརགྷི་སི་ཐན་རྒྱལ་ཁབ་ཀྱི་ནང་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་གནང་མྱོང་མཁན་ཞིག་དང་། རྣམ་རྒྱུན་རྒྱ་གར་ནག་བོད་དང་བཅས་པའི་སྲིད་དོན་ཐོག་རྩོམ་ཡིག་སྣ་མང་སྤེལ་གྱི་ཡོད་པ་མ་ཟད། རྒྱ་གར་ནག་གི་འཐབ་བྱུས་གནས་བབ་འཚོལ་བ་དང་། ཧི་མ་ལ་ཡའི་ནང་པའི་རོལ་རྩེད་ཆེན་མོ་སོགས་སྲིད་དོན་འཐབ་ཇུས་ཀྱི་དཔེ་དེབ་ཁག་ཅིག་བརྩམས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎