སྲིད་བློན་མོ་དྷི་མཆོག་གིས་འབྲས་ལྗོངས་སུ་ཕྱོཊ་ཕེབས་གནང་པ་དང་ས་ཁམས་ཆབ་སྲིད་ཀྱི་གནད་འགག

འབྲས་ལྗོངས་རྒྱ་གར་གྱི་མངའ་ཁོངས་སུ་ཚུད་ནས་ལོ་ ༥༠ འཁོར་བའི་དུས་ཚིགས་དང་བསྟུན། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་སྒང་ཏོག་ཏུ་ཕེབས་ཡོད་པ།

འབྲས་ལྗོངས་རྒྱ་གར་གྱི་མངའ་ཁོངས་སུ་ཚུད་ནས་ལོ་ ༥༠ འཁོར་བའི་དུས་ཚིགས་དང་བསྟུན། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ཕེབས་ཡོད་པ།

ཕྱི་ལོ་༢༠༢༦ ཟླ་ ༤ ཚེས་ ༢༧ དང་ ༢༨ ཉིན་རྒྱ་གར་གྱི་སྲིད་བློན་ནཱ་རེནདྲ་མོ་དྷི་མཆོག་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་གཞུང་འབྲེལ་མཚམས་གཟིགས་སུ་ཕེབས་ཡོད་པ་རེད། སྲིད་བློན་མཆོག་ད་རེས་སྒང་ཏོག་ཏུ་ཕེབས་དོན་གཙོ་བོ་ནི་འབྲས་ལྗོངས་དེ་བཞིན་ཕྱི་ལོ་ ༡༩༧༥ ལོར་རྒྱ་གར་གྱི་མངའ་སྡེའི་ཁོངས་སུ་ཚུད་ནས་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་དུས་ཆེན་སྲུང་བརྩིའི་མཇུག་བསྡོམས་མཛད་སྒོར་མཉམ་ཞུགས་དང་ཧིན་བོད་ས་མཚམས་འབྲས་ལྗོངས་མངའ་སྡེའི་ནང་འཛུགས་སྐྲུན་གྱི་ལས་འཆར་སྣ་མང་ཞིག་སྤེལ་ཡོད་པར་དབུ་འབྱེད་གནང་རྒྱུའི་ཆེད་དུ་ཕེབས་པ་ཞིག་རེད་འདུག

ཧིན་བོད་ས་མཚམས་ཐོག་དོ་སྣང་ཆེན་པོ་གནང་མཁན་ས་གནས་ཡུལ་མི་ཨུ་ཏམ་ཤཱ་ཀྱ་ (Uttam Shakya) ལགས་ཀྱིས། ཕྱི་ལོ་ ༢༠༡༤ ལོར་སྲིད་བློན་མོ་དྷིས་གནས་ཁྲིད་པའི་ (BJP) གཞུང་འཛིན་གྱིས་འཛིན་སྐྱོང་འགན་འཁུར་བླངས་པའི་རྗེས་བོད་དང་ས་མཚམས་འཁེལ་བའི་རྒྱ་གར་གྱི་བྱང་ཤར་ཁུལ་དུ་གང་སྤྱིའི་ཐོག་ནས་འཛུགས་སྐྲུན་ཡར་རྒྱས་ཆེན་པོ་བཏང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། དེ་ཡང་ཁོང་གིས་གསུངས་དོན་དུ། ང་ཚོ་ས་མཚམས་ཁུལ་དུ་གནས་སྡོད་བྱེད་མཁན་ཡུལ་མི་ཚོའི་སེམས་ནང་རྒྱ་ནག་གིས་ག་དུས་དབང་སྒྱུར་བྱེད་ཡོང་བསམ་པའི་འཇིགས་སྣང་དང་ས་མཚམས་སུ་ང་ཚོའི་དམག་མི་དང་ཡུལ་མི་ཚོར་རྒྱ་ནག་གི་ཕྱོགས་ནས་དབང་ཡོད་བཤད་པའི་གནས་ཚུལ་མང་པོ་བྱུང་མྱོང་ཡོད་པ་རེད་ཅེས་དང་། ད་ཆ་སྲིད་བློན་མོ་དྷིའི་སྲིད་གཞུང་འོག་ས་མཚམས་ཁུལ་དུ་དམག་མི་མང་དུ་བཏང་པ་དང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་རུ་སྤེལ་བའི་རྗེས་ང་ཚོའི་སེམས་ནང་བདེ་འཇགས་ཀྱི་ཚོར་བ་ཞིག་སླེབས་པ་དང་སྲུང་སྐྱོབ་བརྟན་པོ་ཡོད་པའི་ཚོར་སྣང་ཞིག་བྱུང་བཞིན་ཡོད་ཅེས་གསུངས་སོང་།

ཡང་ས་གནས་ཀྱི་གསར་འགོད་པ་དང་སྤྱི་ཚོགས་ཞབས་ཞུ་བ་ཨ་ཇེ་ཨ་གྷར་ཝལ་ (Ajay Aggarwal)ལགས་ཀྱིས། སྲིད་བློན་མོ་དྷི་མཆོག་འབྲས་ལྗོངས་ནང་ཕེབས་པ་ནི་ད་རེས་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་ཅིང་། ཐེངས་གཅིག་ཁོང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡིན་དུས་ཕེབས་པ་རེད། ཁོང་འབྲས་ལྗོངས་ནང་ཕེབས་པ་དེ་ཆབ་སྲིད་ཀྱི་ངོ་བོའི་ཐོག་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། ཁོང་གིས་འབྲས་ལྗོངས་དེ་བཞིན་ས་ཁུལ་གལ་ཆེན་པོ་དང་གནད་འགག་ཆེན་པོ་ཞིག་ལ་ངོས་འཛིན་གནང་སྟེ་ཁུལ་འདིར་གང་སྤྱིའི་ཐོག་ནས་ཡར་རྒྱས་གཏོང་རྒྱུའི་དམིགས་ཡུལ་དང་འཆར་གཞི་འདིང་བཞིན་ཡོད་པ་རེད། འདི་ནི་གཙོ་བོ་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་དུ་ཡིན་སྐོར་གསུང་གི་འདུག

ཉེ་བའི་ལོ་རྒྱུས་སུ་མཚོན་ན། འབྲས་ལྗོངས་དང་བོད། འབྲུག་བཅས་ཀྱི་མཐའ་མཚམས་སུ་འཁེལ་བའི་འབྲོག་ལམ་ཁུལ་དུ་ཕྱི་ལོ་ ༢༠༡༧ ལོར་འཐབ་འཛིང་བྱུང་སྟེ། འབྲུག་དང་འབྲས་ལྗོངས། བོད་བཅས་ཀྱི་ས་ཚིགས་དེ་བཞིན་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་གནས་འགག་ཆེན་པོར་གྱུར་ཡོད་པ་རེད།

ཡང་ཨུ་ཏམ་ཤཱ་ཀྱ་ལགས་ཀྱིས། སྲིད་བློན་མོ་དྷིའི་སྲིད་གཞུང་འོག་ནུབ་སྦང་གྷལ་གྱི་གྲོང་ཁྱེར་ཤི་ལི་གུ་རི་ནས་འབྲས་ལྗོངས་བར་མེ་འཁོར་འགྲུལ་ལམ་གྱི་འཛུགས་སྐྲུན་ལས་གཞི་འགྲོ་བཞིན་ཡོད་པ་དང་གལ་ཏེ་ལས་གཞི་དེ་འགྲུབ་པ་ཡིན་ན་མང་ཚོགས་ཀྱི་འགྲུལ་བཞུད་བྱེད་རྒྱུར་སྟབས་བདེ་རུ་འགྲོ་རྒྱུ་དང་། ལྷག་པར་ས་མཚམས་སུ་རྩོད་རྙོག་དང་འཐབ་རྒོལ་བྱུང་ཚེ། དུས་ཡུན་ཐུང་ཐུང་ཞིག་གི་ནང་དམག་མི་དང་གོ་མཚོན་འོར་འདྲེན་བྱེད་སྟབས་བདེ་རུ་འགྲོ་ངེས་ཡིན་སྐོར་གསུངས་བྱུང་།

རྒྱ་གར་དང་རྒྱ་ནག་གི་དབར་ད་ལྟ་ཡོད་བཞིན་པའི་ས་མཚམས་ཀྱི་རྕོད་རྙོག་གི་དཀའ་ངལ་སེལ་ནས་མཐུན་འབྲེལ་དང་ཡར་རྒྱས་ཀྱི་ཁ་ཕྱོགས་སུ་བསྐྱོད་པའི་གནས་སྟངས་ཆགས་པར་གལ་ཆེ་ཤོས་གཅིག་ནི་བོད་འདི་ཞི་བའི་བསྟི་གནས་ཤིག་འབྱུང་ཐབས་ཐོག་བསམ་བློ་གཏང་ནས་བོད་ཀྱི་དཀའ་རྙོག་གི་གནད་དོན་འདི་སེལ་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

ཁ་སྣོན་གསར་འགོད། བཀྲ་དབང་།