རྒྱ་གར་ན་གཞོན་བོད་རིག་པ་བས་རྒྱ་གར་གཞུང་ངོས་ནས་བོད་ཀྱི་གནད་དོན་གཙིགས་ཆེར་ངོས་འཛིན་དགོས་པ་ནན་བརྗོད་གནང་གི་འདུག
རྫོགས་ཐབས་མེད་པའི་འཕགས་བོད་ས་མཚམས་སུ་འཕྲད་བཞིན་པའི་རྒྱ་དཀར་ནག་དབར་གྱི་དཀའ་ངལ་སེལ་དགོས་ན། རྒྱ་གར་གཞུང་ངོས་ནས་རྒྱ་ནག་དང་ལྷན་བོད་ཀྱི་གནད་དོན་ཐོག་སྔར་ལས་ཤུགས་ཆེ་ཙམ་གླེང་སློང་སོགས་ཀྱི་སྲིད་བྱུས་འཛིན་དགོས་གལ་ཆེ་བ་གསུང་གི་འདུག
དེ་ཡང་རྒྱ་གར་གྱི་ནུབ་དབུས་གུ་ཇུ་རཏ་མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་དུ་བཙན་བྱོལ་གྱི་གནས་སྟངས་ཐོག་འབུམ་རམས་པའི་ཞིབ་འཇུག་གནང་བཞིན་པའི་སློབ་མ་ (Sara Kohar) སཱ་རཱ་ཀོ་ཧར་ལགས་ཀྱིས། “རྒྱ་གར་གཞུང་གི་བོད་ཐོག་གི་ལངས་ཕྱོགས་ཁ་གསལ་མེད་པ་དེ་ནི་ཐེངས་འདིའི་ངའི་དཔྱད་རྩོམ་གྱི་ནང་དོན་ཡིན། ངའི་བསམ་པར་ང་ཚོས་ཐག་གཅོད་གཙང་མ་མ་བྱེད་ཚེ་རྒྱ་གར་ལ་ཁེ་ཕན་ཡོང་གི་ཡོད་ཀྱང་དེ་འདྲ་བྱས་པ་དེ་བོད་ཀྱི་རང་དབང་འཐབ་རྩོད་ལ་དཀའ་ངལ་བཟོ་ཡི་ཡོད། ཉུང་མཐར་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་ཆེད་དུ། བོད་དང་རྒྱ་གར་གཉིས་མཉམ་དུ་འགྲོ་དགོས་ཏེ། བོད་ནང་གནས་ཚུལ་ཞིག་བྱུང་ཚེ་རྒྱ་གར་ལ་དོ་ཕོག་བྱུང་ཞིང་། རྒྱ་གར་ནང་གནད་དོན་ཞིག་འཕྲད་ཚེ་བོད་ནང་དོ་ཕོག་འགྲོ་ཡི་ཡོད་པས། ངའི་བསམ་པར་རྒྱ་གར་གཞུང་ངོས་ནས་བོད་ཀྱི་གནད་དོན་དེ་གལ་ཆེན་ཞིག་ཏུ་ངོས་འཛིན་གྱིས། རྒྱ་དཀར་ནག་དབར་གྱི་གནད་དོན་གལ་ཆེན་རིགས་ལ་བོད་ཀྱི་གནད་དོན་སྐོར་གླེང་སློང་དགོས་པ་རེད།” ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་སུ་འཛུགས་སྐྲུན་བྱེད་བཞིན་པའི་གྲོང་ཚོ་ཁག་དང་། རྒྱ་ལམ། མེ་འཁོར་ལྕགས་ལམ་སོགས་ཀྱི་འཛུགས་སྐྲུན་དེ་དག་གིས། མ་འོངས་རྒྱ་གར་གྱི་བདེ་འཇགས་ལ་དཀའ་ཉེན་ཅན་དུ་གྱུར་བར་སེམས་ཚབས་གསལ་སྟོན་ཡང་གནང་མཁན་འདུག
རྒྱ་གར་གྱི་ JNU གཙུག་ལག་སློབ་གཉེར་ཁང་གི་ཨེ་ཤེ་ཡའི་གནད་དོན་ཐོག་གི་འབུམ་རམས་པའི་ཉམས་ཞིབ་སློབ་མ་ (Nandini Parihar) ནན་དྷི་ནི་པ་རི་ཧར་ལགས་ཀྱིས། རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་ཁུལ་དུ་འཛུགས་སྐྲུན་བྱེད་པའི་ (Xiaokang) གྲོང་ཚོ་གཙོ་བོར་གྱུར་བའི་འཛུགས་སྐྲུན་དེ་དག་གིས། འཕགས་བོད་ས་མཚམས་ཀྱི་བརྟན་ལྷིང་ལ་དོ་ཕོག་ཙམ་མ་ཟད། བོད་མི་རྣམས་ཀྱི་ཆེད་དུའང་དྲག་གནོན་དང་ལྟ་སྲུང་སོགས་ཀྱི་སྲིད་བྱུས་ཤིག་ཆགས་ཀྱི་ཡོད་པ་རེད། བོད་མེད་ན་རྒྱ་དཀར་ནག་དབར་གྱི་འབྲེལ་བ་གནས་ཐབས་མེད་པས། བོད་ཀྱིས་ཁོ་ཚོའི་དབར་གྱི་འབྲེལ་བར་གལ་ཆེའི་གོ་གནས་ཤིག་འཛིན་ཡོད། དེར་བརྟེན་རྒྱ་གར་དང་བོད་དབར་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་ཡོད་དུས། རྒྱ་གར་ངོས་ནས་ཀྱང་བོད་ཀྱི་གནད་དོན་གལ་ཆེན་དུ་ངོས་འཛིན་གྱིས་བོད་དོན་ལ་རྒྱབ་སྐྱོར་ཆེ་ཙམ་གནང་དགོས་པ་མ་ཟད། རྒྱལ་སྤྱིའི་ཁྲོད་ལའང་བོད་ཀྱི་རང་དབང་ལ་ཞུ་གཏུག་བྱ་དགོས་གལ་ཆེ་བ་ཡིན་ཞེས་གསུང་གི་འདུག
རྒྱ་གར་བོད་རིག་པ་བའི་ཚོགས་འདུ་དེ་བཞིན་དེ་སྔ་ཕྱི་ལོ་ ༢༠༡༩ ནས་ཚོགས་འགོ་ཚུགས་ཡོད་པ་དང་། ཚོགས་ཆེན་དེ་ལྟ་བུ་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་གྱི་གཞོན་སྐྱེས་བོད་རིག་པའི་ཐོག་ཉམས་ཞིབ་གནང་མཁན་རྣམས་དང་ལྷན། བོད་དང་རྒྱ་གར་དབར་ལོ་རྒྱུས་རང་བཞིན་ལྡན་པའི་ཆོས་དང་རིག་གཞུང་། དེ་བཞིན་ཁོར་ཡུག་བཅས་ཀྱི་འབྲེལ་ལམ་སོགས་གང་ཅིའི་ཐད་འབྲེལ་བ་ཟབ་མོ་ཡོད་པ་དེ་ཕན་ཚུན་ངོ་སྤྲོད་དང་བསྐྱར་གསོ་ཐུབ་རྒྱུ་སོགས་ལ་དམིགས་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་དེ་ནི་བོད་དོན་ཙམ་མ་ཡིན་པར་རྒྱ་གར་གྱི་བདེ་འཇགས་སོགས་ཀྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡང་ཆགས་ཀྱི་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་སོང་།
རྒྱ་གར་ན་གཞོན་བོད་རིག་པ་བའི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་རྒྱ་གར་མངའ་སྡེ་འདྲ་མིན་ནས་ཆེད་མཁས་པ་དང་མཐོ་སློབ་ཁག་གི་གཙུག་ལག་སློབ་དཔོན། དེ་བཞིན་རྒྱ་གར་གྱི་བོད་རིག་པའི་ཉམས་ཞིབ་ཐད་འབུམ་རམས་པ་གནང་བཞིན་པ་སོགས་ཉེར་ལྔ་ཙམ་ཕེབས་ཡོད་པ་ཁོང་རྣམས་ཀྱིས། འཕགས་བོད་ས་མཚམས་བརྟན་ལྷིང་གི་སྲིད་བྱུས་དང་། ཕྱི་འབྲེལ་སྲིད་བྱུས། ས་ཁམས་ཆབ་སྲིད། བོད་དང་ཧི་མ་ལ་ཡའི་ལོ་རྒྱུས་རང་བཞིན་གྱི་འབྲེལ་བ། བཙན་བྱོལ་དང་མི་རིགས་ཀྱི་ངོ་བོ། རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་ཀྱི་གནད་དོན་ལ་འཁྱོག་བཤད་བྱེད་པའི་སྲིད་བྱུས། ནང་ཆོས་དང་འཕྲུལ་རིགས་སོགས་དང་འབྲེལ་བའི་བརྗོད་གཞི་བདུན་གྱི་ཐོག་ཉིན་གསུམ་རིང་གཏམ་བཤད་དང་གྲོས་བསྡུར་སོགས་གནང་བཞིན་ཡོད་པ་རེད།
གཞན་ཐེངས་འདིའི་ཚོགས་འདུའི་དབུ་འབྱེད་ཐོག་དབུས་ཧི་མཱ་ཅལ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་ (Prof. Sat Prakash Bansal) ལགས་ཆེད་ཕེབས་ཀྱིས། རྒྱ་གར་དང་བོད་དབར་གྱི་འབྲེལ་ལམ་ནི་མི་རིགས་གཉིས་ཀྱི་དཔལ་ཡོན་དང་ལོ་རྒྱུས། ཆོས་དང་རིག་གཞུང་སོགས་ཀྱི་བརྗེ་རེས་རིམ་པ་བྱུང་བའི་འབྲེལ་བ་ཞིག་ཡིན་ལ། བཞུགས་སྒར་རྡ་ས་ནི་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་སའི་བསྟི་གནས་ཙམ་མ་ཡིན་པར་ཚོགས་འདུ་འདི་ལྟ་བུ་ཚོར་བ་སྐྱེན་པའི་གནད་དོན་ཐོག་ཉམས་ཞིབ་དང་། གྲོས་བསྡུར་བྱེད་སའི་ལྟེ་གནས་ཤིག་ཏུ་གྱུར་ཐུབ་པར་འབད་བརྩོན་གནང་དགོས་གལ་ཆེ་ཞེས་གསུངས་སོང་།།
པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
