རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་ཁུལ་གྱི་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་གདོང་ཐུག་བྱུང་ཡོད་པ།
རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་ཁུལ་གྱི་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་གདོང་ཐུག་བྱུང་ཡོད་པ་ཧིན་བོད་མཐའ་མཚམས་སྐོར་སྲུང་གི་སྤྱི་ཁྱབ་འགོ་དཔོན་ཤཏྲུ་ལྗིཏ་ཀ་པུར་ལགས་ཀྱི་ར་སྤྲོད་བྱས་འདུག
དེ་ཡང་ཁོང་གིས་གསུངས་དོན་དུ། ཨ་རུ་ནཱ་ཅལ་ཁུལ་གྱི་ས་ཁུལ་འགའ་ཤས་ནང་ང་ཚོའི་མཐའ་སྲུང་དམག་མི་དང་རྒྱ་མིའི་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་པའི་གནས་སྟངས་ཆགས་ཡོད་པ་རེད། འདི་ནི་ད་ལྟའང་འགྲོ་མུས་རེད། ང་ཚོའི་དམིགས་བསལ་རྩལ་སྦྱོང་བྱས་པའི་དཔུང་དམག་གི་ལས་དོན་ཡག་པོ་གནང་སོང་ཞེས་གསུངས་འདུག
ཁོང་གིས་མུ་མཐུད་གསུངས་དོན་དུ། རྒྱ་ནག་དང་མཉམ་དུ་ང་ཚོས་རྒྱུན་སྲོལ་ལྟར་ཁ་གཏད་གཅོག་རྒྱུ་དེ་ཁག་པོ་ཆགས་འདུག གང་ཡིན་ཞུས་ན་རྒྱ་ནག་གིས་ངོས་ནས་དེང་དུས་ཀྱི་སྤུས་ཚད་ལྡན་པའི་ལག་ཆ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་འགྲོ་གྲོན་ཡང་མང་པོ་གཏོང་ཡོད་པ་རེད་ཅེས་དང་། འདི་ལོའི་ཕྱི་ཟླ་ ༧ པ་ནས་བཟུང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ཧིན་བོད་མཐའ་མཚམས་སུ་འཁེལ་བའི་ས་གནས་ཨ་ས་ཕི་ལ་དང་ཏག་ཤིང་ཁུལ་དུ་རྒྱ་མིའི་དམག་མིས་རྒྱ་གར་གྱི་ས་ཐོག་དུ་སྤྱི་ལེ་ ༧ ཙམ་འཛུལ་ནས་གུར་ཕུབ་སྟེ་གནས་སྡོད་བྱས་ཡོད་པ་མ་ཟད། རྒྱ་གར་གྱི་མཐའ་སྲུང་དམག་མི་དང་མཉམ་གདོང་ཐུག་གི་གནས་ཚུལ་རིམ་པར་བྱུང་ཡོད་པ་ཧིན་བོད་མཐའ་མཚམས་སྐོར་སྲུང་བའི་སྤྱི་ཁྱབ་འགོ་དཔོན་ཤཏྲུ་ལྗིཏ་ཀ་པུར་ལགས་ཀྱིས་བརྗོད་འདུག
ཨ་རུ་ནཱ་ཅལ་དང་བོད་ཀྱི་ས་མཚམས་ཏག་ཤིང་ཁུལ་དུ་གནས་སྡོད་བྱེད་མཁན་ཡུལ་མི་ཞིག་གིས། “འདི་ལྟ་བུའི་དོན་རྐྱེན་ནི་ལོ་མང་པོའི་གོང་ནས་བྱུང་དང་འབྱུང་བཞིན་ཡོད་པ་དང་ལྷག་པར་འདི་ལོའི་ཕྱི་ཟླ་ ༧ ཙམ་ནས་རྒྱ་མིའི་དམག་མིས་ང་ཚོའི་ས་ཐོག་དུ་སྐོར་གཡེང་བྱེད་པའི་གནས་ཚུལ་རིམ་པར་བྱུང་རྗེས་རྒྱ་གར་གིས་ངོས་ནས་མཐའ་སྲུང་དམག་མི་མང་དུ་བཏང་སྟེ་ང་ཚོ་ཡུལ་མི་ཚོ་བློ་བདེ་པོར་གྱུར་ཡོད་” ཅེས་འདི་གར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
“བོད་འདི་རང་དབང་གི་རྒྱལ་ཁབ་ཁག་ཁག་ཡིན་པའི་གནས་སྐབས་ནས་བཟུང་དུས་ད་ལྟ་བར་ས་མཚམས་སུ་བཅད་ཐིག་ཞིག་བཀོད་མ་ཐུབ་པར་ལྷག་ཡོད།”
རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཀྱི་བདེ་དོན་བློན་ཆེན་ཀི་རེན་རི་ཇི་ཇུ་ལགས་ཀྱིས་ཁོང་གི་ངོ་དེབ་དྲ་རྒྱའི་ཐོག་བརྗོད་ལྟར་ན། ཨ་རུ་ནཱ་ཅལ་ཁུལ་གྱི་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་རྩོད་རྙོག་འབྱུང་བཞིན་པར། ཨ་རུ་ནཱ་ཅལ་ཁུལ་དུ་ཧིན་བོད་མཐའ་མཚམས་རྒྱ་ཆེན་པོ་ཡོད་པ་མ་ཟད་ཕྱོགས་གཉིས་བར་ས་མཚམས་ཀྱི་བཅད་ཐིག་གམ་ཀ་བ་ཞིག་ཡོད་མ་རེད། འདི་ནི་གནས་དོན་གསར་པ་ཞིག་མ་རེད། བོད་འདི་རང་དབང་གི་རྒྱལ་ཁབ་ཁག་ཁག་ཡིན་པའི་གནས་སྐབས་ནས་བཟུང་དུས་ད་ལྟ་བར་ས་མཚམས་སུ་བཅད་ཐིག་ཞིག་བཀོད་མ་ཐུབ་པར་ལྷག་ཡོད་པ་དང་། ས་མཚམས་སུ་དུས་ནས་དུས་སུ་རྩོད་རྙོག་ཡོང་བཞིན་པ་དེ་གསལ་པོ་རེད། དཀའ་རྙོག་གཙོ་བོ་དེ་རྒྱ་ནག་གིས་ངོས་ནས་ས་མཚམས་སུ་གཞུང་ལམ་དང་འཛུགས་སྐྲུན་གྱི་ལས་གཞི་བྱེད་འགོ་བཙུགས་ཡོད་པ་དང་། རྒྱ་གར་གྱི་ངོས་ནས་སྲིད་བློན་མོ་དྷིའི་གཞུང་འཛིན་འོག་ཕྱི་ལོ་ ༢༠༡༤ རྗེས་སུ་འཛུགས་སྐྲུན་གྱི་ལས་གཞི་འགོ་འཛུགས་གནང་པ་ཞིག་རེད་ཅེས་གསུངས་འདུག
རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱས་པའི་རྗེས་རྒྱ་གར་དང་རྒྱ་ནག་དབར་ཀི་ལོ་མི་ཊར་ ༡༤༠༠ ལྷག་ཡོད་པའི་ས་མཚམས་ཁུལ་དུ་ཕྱི་ལོ་ ༡༩༦༠ ལོ་ནས་རྩོད་རྙོག་རབ་དང་རིམ་པར་བྱུང་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་དམག་མིའི་དབར་གདོང་ཐུག་རིམ་པར་བྱུང་དང་འབྱུང་བཞིན་ཡོད་ལ། མཐའ་མཚམས་སྲུང་སྐྱོབ་ཆེད་ཕྱོགས་གཉིས་ཀས་འགྲོ་གྲོན་ཨ་སྒོར་ས་ཡ་མང་པོ་གཏོང་བཞིན་ཡོད་པ་རེད།
ཡེ་ཤི་ཡའི་ནང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་ད་ལྟ་འབྱུང་བཞིན་པའི་ས་མཚམས་ཀྱི་རྕོད་རྙོག་སེལ་ཏེ་མཐུན་འབྲེལ་ཡར་རྒྱས་ཀྱི་གནས་སྟངས་ཞིག་ཡོང་བ་ལ་བོད་དེ་ཞི་བའི་བསྟི་གནས་ཀྱི་གནས་འབབ་ཐོག་འགྱུར་ཐབས་སུ་བསམ་འདུན་བཅང་ཏེ་བོད་ཀྱི་གནས་དོན་སེལ་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། པ་སངས་ཚེ་རིང་།
