བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཐོག་བཅར་བའི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས། བོད་དམག་ཟུར་པ། ཆུ་སྒང་བསྟན་སྲུང་དྭང་བླངས་དམག་ཟུར། གློ་སྒྲིག་དམག་ཟུར། དམག་སྒར་ཨང་ ༢༢ ཀྱི་དམག་ཟུར་སྐུ་ཚབ། ༧རྒྱལ་བའི་སྐུ་སྲུང་ཟུར་པའི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༨༩ ཙམ་ལ་ཟླ་ ༤ ཚེས་ ༢༧ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་བསྩལ་ཡོད་པ་རེད།

མཇལ་ཁ་གྲུབ་མཚམས་ཁོང་རྣམས་ཀྱིས་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཀྱི་མཇུག་སྒྲིལ་མཛད་སྒོ་ཞིག་འཚོགས་ཏེ། བདེ་སྲུང་ལས་ཁུངས་ངོས་ནས་ཚོགས་བཅར་བ་ཡོངས་ལ་བོད་སྤྱི་པའི་རྩ་དོན་ཆེད་ཕྱག་ལས་ཧུར་ཐག་གནང་བར་བཀའ་དྲིན་རྗེས་དྲན་ཞུ་ཆེད་བོད་ཀྱི་གཟེངས་རྟགས་ཞེས་པ་ཞིག་འབུལ་ལམ་ཞུས་ཡོད་ལ། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་འདུ་འཛོམས་དེའི་སར། ཚོགས་བཅར་བ་ཡོངས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་དུས་རྒྱུན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་ཞུ་གྲུབ་མཁན་དང་དགའ་ལྡན་ཕོ་བྲང་གི་ཐུགས་འགན་བཞེས་མཁན་ལ་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུའི་གྲོས་ཆོད་བྱུང་བ་བཞིན་ཐེངས་འདིའི་མཛད་སྒོ་འདི་ནི་གཙོ་བོ་དེར་དམིགས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།

ཟླ་ ༤ ཚེས་ ༢༤ དང་ ༢༥ བཅས་ཉིན་གྲངས་གཉིས་རིང་འཚོགས་པའི་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་དེ་བཞིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་དང་བསྟུན། ༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ་སླད། གཞུང་དམངས་གཉིས་ནས་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབ། དཔའ་བོ་དཔའ་མོ་རྣམས་ཀྱི་ཉམས་མྱོང་ལ་གཞི་བཅོལ་ཏེ་ལས་དོན་བསྒྲུབ་དགོས་པ་ཇི་མཆིས་སྐོར་དང་། བདེ་སྲུང་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཐོག་གོ་བསྡུར་སྦྱང་བཤད་གནང་འདུག་ཅིང་། ལྷན་འཛོམས་འདིའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གྲུབ་ཆེད་དང་བོད་དོན་བདེན་མཐའ་སེལ་ཐབས་སོགས་དང་འབྲེལ་བའི་དོན་ཚན་ཉེར་བརྒྱད་ཀྱི་གྲོས་ཆོད་ཅིག་བཞག་ཐུབ་ཡོད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཚོགས་འདུ་དེའི་ཐོག་ཕེབས་པའི་དམག་ཟུར་བགྲེས་སོང་ཁག་ཅིག་གིས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྒྱུད་གཞོན་སྐྱེས་རྣམས་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འགྲུབ་དགོས་རྒྱུ་དང་། བོད་དོན་འཐབ་རྩོད་མུ་མཐུད་གནང་དགོས་པ་གསུངས་བྱུང་། ཐེངས་འདིའི་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཀྱི་མཇུག་བསྡོམས་མཛད་སྒོའི་ཐོག་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་རྣམས་ཀྱིས་ཁོང་རྣམ་པར་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་མཇལ་དར་རེ་ཕུལ་ཞིང་། བོད་དོན་ཐད་ཕྱག་ལས་མུ་མཐུད་ཧུར་ཐག་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་སོང་།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
