ཨང་སང་སུ་ཅི་གློད་གྲོལ་བཏང་ཡང་ཁྱིམ་དུ་བཟང་བཙོན་འོག་འཇོག་རྒྱུ་རེད་འདུག
ཨང་སན་སུ་ཅི་གློད་གྲོལ་བཏང་ཡང་བཙོན་འཇུག་གི་དུས་བཀག་ལྷག་འཕྲོས་རྣམས་ཁྱིམ་དུ་བཟང་བཙོན་འོག་འཇོག་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡང་། དབྱིན་ཡུལ་གྱི་རྒྱལ་ས་ལན་ཌན་དུ་བཞུགས་པའི་ཁོང་གི་བུ་ཀིམ་ཨེ་རིསི་ (Kim Aris) ལགས་ཀྱིས་ཁོང་གི་ཨ་མ་ལགས་ཨང་སན་སུ་ཅི་ཁོང་ཁ་གསལ་མེད་པའི་ས་ཚིགས་ཤིག་ནས་ཕྱི་བསྒྲགས་ཁ་གསལ་མ་བྱས་པའི་ས་ཚིགས་གཞན་ཞིག་ཏུ་སྤོ་བཤུད་བྱེད་པར་བརྟེན། ཁོང་གང་དུ་ཡོད་མེད་དང་སྐུ་གཟུགས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་ཤེས་རྟོགས་ཡོང་གི་མི་འདུག་ཅེས་དང་། ཁོང་གི་ཨ་མ་ལགས་ལ་ཐད་ཀར་འབྲེལ་བ་བྱེད་བཅུག་པ་ཡིན་ན་གནས་སྟངས་གསལ་རྟོགས་ཡོང་གི་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྦར་མའི་སྡེ་ཚན་ལ་གསུངས་འདུག

མཡན་མར་གྱི་འགོ་ཁྲིད་ཟུར་པ་ལྕམ་ཨང་སན་སུ་ཅི་ Naypyidaw བཙོན་ཁང་ནས་རང་ཁྱིམ་དུ་གནས་སྤོ་བྱས་ཡོད་པ་མཡན་མར་གྱི་དྲག་པོའི་གཞུང་གི་གཞུང་འབྲེལ་བརྒྱུད་ལམ་ MRTV ཡིས་རེས་གཟའ་ཕུར་བུའི་ཉིན་དྲིལ་བསྒྲགས་བྱས་ཡོད་ཀྱང་། རང་ལོ་ ༨༠ ལ་སོན་པའི་ཨན་སན་སུ་ཅི་བཟང་བཙོན་འོག་འཇོག་སའི་སྡོད་ཁྱིམ་གྱི་ས་ཚིགས་གང་ཞིག་ཡིན་མིན་གསལ་བཤད་བྱས་མེད་པ་རེད།
གཞུང་འབྲེལ་བརྒྱུད་ལམ་གྱིས་ལོ་མང་རྗེས་སུ་ཨང་སན་སུ་ཅིའི་སྐོར་ཕྱིར་བསྒྲགས་བྱས་པའི་ཡོངས་ཁྱབ་ཀྱི་པར་རིས་ཤིག་བཏོན་པའི་ནང་གསལ་ལྟར་ན། ཨང་སན་སུ་ཅི་དང་མཉམ་དུ་དམག་མི་ཞིག་དང་ཉེན་རྟོག་པ་ཞིག་ཡོད་པ་མཐོང་རྒྱུ་འདུག

ཕྱི་ལོ་ ༢༠༢༡ ཟླ་ ༢ ནང་མཡན་མར་གྱི་མང་གཙོའི་གཞུང་དང་གྲོས་ཚོཊ་འཕོ་འགྱུར་བཏང་སྟེ་དམག་སྤྱི་མིན་ཨང་ལཡེང་གིས་འགོ་ཁྲིད་པའི་དྲག་པོའི་གཞུང་བཙུགས་པ་ནས་བཟུང་ཨང་སན་སུ་ཅི་དྲག་དམག་གི་དོ་དམ་འོག་བཅུག་ཡོད། དེ་ཡང་ཨང་སན་སུ་ཅི་ལ་ལྐོག་ཟ་རུལ་སུངས་དང་བཅས་ནག་ཉེས་ ༡༩ བཙུགས་ཏེ་དང་ཐོག་ལོ་ ༣༣ གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད།
འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཁོང་མོའི་བུ་ཀིམ་ཨེ་རིསི་ (Kim Aris) ཐེ་བའི་སྤྱི་མང་རུ་ཁག་གི་ཚོགས་མི་ཁག་ཅིག་གིས་མཡན་མར་གྱི་ཧུན་ཏ་གཞུང་འཛིན་པར་ཁོང་མོ་འཚོ་བཞུགས་ཡོད་པའི་བདེན་རྟགས་མིག་སྟོན་དགོས་པའི་དགོས་འདུན་བཏོན་ཞིང་དེ་འབྲེལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
ཨང་སན་སུ་ཅིར་ལོ་ ༣༣ དུས་བཀག་བཙོན་འཇུག་གི་ཉེས་ཁྲིམས་བཅད་པའི་ཁྲིམས་ཆད་ནས་ཕྱི་ལོ་ ༢༠༢༣ ལོར་ལོ་ངོ་ ༢༧ ལ་དུས་བཀག་གཅོག་བྱ་བྱས་ཡོད་པ་དང་ཕྱི་ལོ་ ༢༠༢༦ གི་མཡན་མར་གྱི་ལོ་གསར་སྐབས་ལོ་ངོ་ ༢༢ ཟླ་གྲངས་ ༦ ལ་གཅོག་བྱ་བྱས་ཡོད་པ་རེད། ད་བར་ལོ་ ༥ ལྷག་རིང་ཨང་སན་སུ་ཅིས་བཙོན་འཇུག་གི་ཉེས་ཆད་མྱངས་ཟིན་པར་བརྟེན། ད་ཆ་བཙོན་འཇུག་གི་དུས་བཀག་ལོ་ ༡༨ དང་ཟླ་ ༩ ལྷག་ཡོད་པ་རེད།
དམག་དོན་སྒྲིག་འཛུགས་ནང་འབྲེལ་བ་ཡོད་པའི་མི་སྣ་ཞིག་གིས་ཨང་སན་སུ་ཅི་བཙོན་ནས་གློད་དེ་ད་ཆ་བློན་ཆེན་གཞོན་པའི་གོ་གནས་རིམ་པའི་བཞུགས་གནས་ཤིག་ལ་གནས་སྤོ་བྱས་ཤིང་། ཕྱི་ཟླ་ ༣ པ་ནས་བཟུང་དམག་དཔོན་ལས་རོགས་ Lt. Col ཏིན་ཨང་ཏུན་གྱིས་འགོ་ཁྲིད་པའི་རུ་ཁག་ཅིག་གི་ལྟ་རྟོག་འོག་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ཡོད་པ་རེད།རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིན་ཅེན་གྱིས་ཨང་སན་སུ་ཅི་རྒྱ་ནག་གི་ལོ་མང་ནས་རྒྱུས་མངའ་ཡོད་པའི་གྲོགས་པོ་ཡིན་པ་དང་། རྒྱ་ནག་གིས་ཁོང་གི་གནས་སྟངས་དང་འབྲེལ་བའི་འཕེལ་རིམ་ཐད་ལ་བསྟུད་མར་ལྟ་ཞིབ་་བྱེད་བཞིན་ཡོད་ཅེས་རེས་གཟའ་ཕུར་བུའི་ཉིན་བརྗོད་འདུག
པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།
