འདི་ནི་བོད་ནང་གི་སློབ་གྲྭ་ཁག་ཏུ་ ༢༠༢༦ ལོའི་སློབ་དུས་གསར་པ་དང་བསྟུན་སྤེལ་བའི་དམག་སྦྱོང་གི་བརྙན་རིས་ཤིག་རེད།
ཟླ་བ་དགུ་པ་ནི་རྒྱ་ནག་གཞུང་གིས་གཏན་འཁེལ་བྱས་པའི་རྒྱལ་ཡོངས་སུ་རྒྱལ་སྲུང་སློབ་གསོའི་ཟླ་བ་ཡིན་པ་དང་། བོད་ནང་མཚོན་ན། སློབ་ཆུང་ནས་སློབ་ཆེན་བར་སློབ་མ་ཚོར་དམག་སྦྱོང་དང་། རྒྱལ་སྲུང་སློབ་གསོ། རྒྱལ་གཅེས་ཀྱི་ལྟ་བ་བཅས་སྤེལ་བའི་གནས་ཚུལ་མང་པོ་ཐོན་པའི་དུས་ཚིགས་ཤིག་ཆགས་ཡོད་ཅིང་། སུད་སི་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་ཚོགས་འདུ་ཚོགས་པའི་དུས་སྐབས་ཤིག་ཀྱང་འཁེལ་ཡོད།
བོད་ནང་གི་བྱིས་པའི་སློབ་གསོ།
ལྷ་སའི་སློབ་ཆུང་དང་པོར་ལོ་རིམ་དང་པོའི་བྱིས་པ་ཚོར་ཉིན་ལྔའི་དམག་སྦྱོང་དང་སྒྲིག་ལམ་སློབ་གསོ་སྤེལ་བ་དང་། ནག་ཆུའི་གསེར་རྙེད་ས་ཁུལ་ (ཆུས་) གྱི་སློབ་ཆུང་བྱིས་པ་ཚོར་མེ་མདའི་ཡོ་བྱད་ངོ་སྤྲོད་དང་། དམིགས་འབེན་ལ་གཏད་སྟངས་ཀྱི་སྦྱོང་བརྡར་ཡང་སྤེལ་ཡོད།
རྒྱ་ནག་གཞུང་ཕྱོགས་ཀྱིས་འདི་ནི་སློབ་མའི་སྒྲིག་ལམ་དང་རྒྱལ་གཅེས་ཀྱི་སེམས་པ་སྐྱེད་སྲིང་གི་སློབ་གསོ་ཡིན་པར་བརྗོད་ཀྱི་འདུག
འོན་ཀྱང་ལོ་ཆུང་བྱིས་པ་ཚོར་དམག་དོན་དང་ཆབ་སྲིད་ཀྱི་ལྟ་བ་སྤེལ་བ་འདིས་ཁོང་ཚོའི་སེམས་ཁམས་དང་རང་གི་ངོ་བོ་ངོས་འཛིན་ལ་ཤུགས་རྐྱེན་གང་འདྲ་ཐེབས་སྲིད་ཀྱི་རེད་དམ།
སྤྱི་ཚོགས་དང་སློབ་གསོ་རིག་པའི་ཞིབ་འཇུག་གནང་མཁན་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་ས་ཆར་ཁྱད་པར་མེད་པར་དབུས་གཙང་དང་། མདོ་སྟོད། མདོ་སྨད་གང་ཡིན་རུང་ཆོལ་ཁ་གསུམ་ཡོངས་རྫོགས་ནང་དམག་སྦྱོང་བྱེད་པ་དེ་གཅིག་མཚུངས་རེད་འདུག འཛིན་གྲྭ་ ༧ ནས་ ༡༢ བར་དུ་དམག་སྦྱོང་བྱས་པ་འདིས་འགྲིག་གི་མེད་པ་དང་། དམག་སྦྱོང་འདི་བྱིས་སྐྱོང་ཁང་ལོ་བཞི་ནས་འགོ་བཙུགས་དགོས་པར་ངོས་འཛིན་བྱས་ཏེ་དང་པོ་ཆུང་ཆུང་སྐབས་ནས་རྒྱ་མིའི་དམག་མི་ཡིན་པ་ནང་བཞིན་གྱི་སེམས་ཁམས་སུ་མ་རྩ་བཞག་ན་མ་གཏོགས་འཛིན་གྲྭ་བདུན་པའི་རྗེས་ནས་ཡོང་ན་ཕྱི་དྲགས་པར་ཁོང་ཚོས་བསམ་བློ་འདི་གཏོང་གི་ཡོད་ཅེས་གསུང་གི་འདུག
རྒྱ་ནག་གཞུང་གི་གྲངས་ཐོ་དང་བོད་ཀྱི་གནས་སྟངས།
རྒྱ་ནག་གཞུང་གིས་སྤེལ་བའི་གནས་ཚུལ་ཞིག་ནང་བོད་རང་སྐྱོང་ལྗོངས་སུ་རྒྱལ་སྲུང་སློབ་གསོ་གང་འདྲ་སྤེལ་ཡོད་མེད་ཀྱི་གྲངས་ཐོ་ཞིབ་ཕྲ་བཀོད་ཡོད་པའི་ནང་། སློབ་གྲྭ་ ༡༣ ནང་དམག་སྦྱོང་བྱས་ཏེ་དགེ་སློབ་ཆིག་ཁྲི་ཉིས་སྟོང་ལྷག་ལ་ཁྱབ་ཡོད་པ་མ་ཟད། སློབ་གྲྭའི་ནང་རྒྱལ་སྲུང་སློབ་གསོའི་དམིགས་བསལ་ལས་འགུལ་ཐེངས་༡༧ དང་། སློབ་དུས་གསར་པའི་རྒྱལ་སྲུང་སློབ་ཚན་ ༢༧༠ ལྷག་སྤེལ་ཡོད་པ་བཀོད་འདུག
དེ་མིན་དམག་གི་ལོ་རྒྱུས་དང་དམར་ཤོག་གི་གསར་བརྗེའི་ཤུལ་བཞག་གནས་ཡུལ་ཁག་ཏུ་སློབ་གསོའི་ལས་འགུལ་ཐེངས་ ༨༠ ལྷག་དང་། དམག་མི་ཟུར་པ་དང་དཔའ་བོར་བརྩི་བའི་མི་སྣ་ཁག་གདན་ཞུས་ཀྱི་རྒྱལ་སྲུང་འགྲེལ་བཤད་ཐེངས་ ༢༠༠ ལྷག་སྤེལ་འདུག་ལ། རྒྱལ་གཅེས་ཀྱི་བརྙན་འཕྲིན་དང་གློག་བརྙན་སྟོན་ཐེངས་ ༡༢༠༠ ལྷག་དང་། ཕྱི་ཟླ་དགུ་པ་ནས་བཟུང་རྒྱལ་སྲུང་གི་སྦྱར་ཡིག་དང་འཕྲེད་དར། གློག་རྡུལ་བརྡ་ཁྱབ་སོགས་ཆིག་ལྔ་སྟོང་ཉིས་བརྒྱ་ལྷག་འགྲེམས་སྤེལ་བྱས་ཡོད་པ་འདི་བོད་རང་སྐྱོང་ལྗོངས་ཀྱིས་འདི་རྣམས་རྒྱལ་སྲུང་སློབ་གསོའི་གྲུབ་འབྲས་སུ་བརྩི་བཞིན་འདུག
གོང་ཞུས་ཀྱི་གྲངས་ཐོ་འདིས་བོད་རང་སྐྱོང་ལྗོངས་སུ་རྒྱལ་སྲུང་སློབ་གསོ་འདི་བཞིན་སློབ་གྲྭ་ནས་སྤྱི་ཚོགས་ཀྱི་རིམ་པ་མང་པོའི་བར་རྒྱ་ཁྱབ་ངང་སྤེལ་བཞིན་ཡོད་པ་མངོན་ཐུབ་ཡོད། འོན་ཀྱང་དེའི་ནང་བོད་ཕྲུག་གི་སྐད་ཡིག་དང་རིག་གཞུང་། སེམས་ཁམས་བཅས་ཀྱི་ཐོབ་ཐང་ལ་དོ་སྣང་ཇི་ཙམ་བྱས་ཡོད་མེད་འདི་དྲི་བ་ཞིག་ཀྱང་ཆགས་ཡོད།
སྤྱི་ཚོགས་དང་སློབ་གསོ་རིག་པའི་ཞིབ་འཇུག་གནང་མཁན་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་མུ་མཐུད་གསུངས་པར། ང་ཚོའི་ཕྲུ་གུ་ཚོ་ལ་སེམས་ཁམས་ཐོག་གནོད་པ་ནི་བོད་པ་བྱེད་པའི་འདུ་ཤེས་ཕར་བཞག ཕྲུ་གུ་ལོ་བཞི་ལྔ་ནས་བཟུང་སྟེ་རྒྱ་མི་ཡིན་ཡིན་པའི་ཐོག་རྒྱ་མིའི་དམག་མི་ཡིན་པའི་འདུ་ཤེས་གསོ་སྐྱོང་བྱེད་ཀྱི་ཡོད། ཕྲུ་གུ་ཚོ་སོ་སོའི་ཕ་མ་དང་འབྲེལ་བ་ཡོད་པའི་སེམས་ཁམས་དང་། སྐད་དང་རིག་གཞུང་ཁྱོན་ཡོངས་ནས་མཚམས་ཆད་པ་རེད། མཚམས་ཆད་པའི་སྟོབས་ཤུགས་ཏེ་དམག་གི་སྟོབས་ཤུགས་འདི་མངོན་ནས་ཕྲུ་གུ་ཚོ་ལ་ཞེད་སྣང་སློང་སྟེ་འདི་ཡིན་གཅིག་བྱ་དགོས་པ་དང་། མ་བྱས་ན་ཁྱོད་ལ་གདམ་ཀ་གཞན་མེད་པ་སྟོན་གྱི་ཡོད། ཕྲུ་གུ་ཚོ་བྱིས་སྐྱོང་ཁང་ལ་སྐྱོད་པའི་ཉིན་དང་པོ་ནས་གདམ་ཀའི་ཐོབ་ཐང་འདི་འཕྲོག་པ་རེད་ཅེས་གསུངས་བྱུང་།
ཁོང་གིས་ཆུང་དུས་ནས་དམག་དོན་གྱི་འདུ་ཤེས་སྤེལ་བ་དེས། བོད་ཕྲུག་ཚོའི་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་རིན་ཐང་། རང་དབང་གི་བསམ་བློ་བཅས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་སེམས་འཚབ་གནང་གི་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་དང་བོད།
བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་སུད་སི་ཇི་ནི་ཝར་འཚོགས་པའི་ཚོགས་འདུར་མཉམ་ཞུགས་གནང་སྟེ། བོད་ནང་གི་བོད་ཕྲུག་གི་ཐོབ་ཐང་དང་སློབ་གསོའི་གནས་སྟངས་ལ་རྒྱལ་སྤྱིའི་དོ་སྣང་ཡོང་ཐབས་གནང་འདུག
བོད་ནང་དམག་སྦྱོང་དང་རྒྱལ་སྲུང་གི་སློབ་གསོ་སྤེལ་བཞིན་ཡོད་པ་དང་དུས་མཚུངས། སུད་སིའི་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ཚོགས་ཆུང་གི་སྔོན་འགྲོའི་ལས་དོན་ཚོགས་ཆུང་ཐེངས་ ༡༠༣ པ་འཚོགས་ཡོད།
དེའི་ནང་རྒྱ་ནག་གི་བྱིས་པའི་ཐོབ་ཐང་གི་གནས་སྟངས་གྲོས་གཞིའི་ཁོངས་སུ་ཚུད་ཡོད་པ་རེད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་ཚོགས་འདུ་འདི་དང་འབྲེལ་ཡོད་ཀྱི་ཟུར་ཚོགས་སུ་བོད་ནང་གི་བཅའ་སྡོད་སློབ་གྲྭ་དང་། སྐད་ཡིག རིག་གཞུང་། བྱིས་པའི་སེམས་ཁམས་བཅས་ལ་འཕྲད་བཞིན་པའི་དཀའ་ངལ་ཐད་སེམས་འཚབ་ཀྱི་གནད་དོན་གླེང་ཡོད་འདུག
སྤྱི་ཚོགས་དང་སློབ་གསོ་རིག་པའི་ཞིབ་འཇུག་གནང་མཁན་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་ང་ཚོའི་བོད་ནང་ལ་ཡོད་པའི་བོད་པའི་ཕྲུ་གུ་འདི་དག་སློབ་གྲྭ་བརྒྱུད་དེ་ཁྱོན་ཡོངས་ནས་མི་འདྲ་བ་ཞིག་བཟོ་ཡོང་གི་འདུག གནད་དོན་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་རེས་ཚོགས་པའི་ཚོགས་འདུའི་ཐོག་ཡིན་གཅིག་འགྲེལ་བཤད་ཞིབ་ཕྲ་ཞིག་འཕྲོད་པ་བཟོ་དགོས་འདུག་བསམ་བསྡད་ཡོད། རྒྱུ་མཚན་ནི་འདི་གྲངས་ཀ་ཉུང་ཉུང་མ་རེད། ལོ་ ༤ ནས་ ༡༨ བར་ཆ་ཚང་ས་ཡ་གཅིག་དང་ཕྱེད་ཀ་ལྷག་ཙམ་ཡོད་རེད་ཅེས་གསུངས་བྱུང་།
བོད་ཕྲུག་གི་ཐོབ་ཐང་སྐོར་གླེང་སྐབས་གནད་དོན་གལ་ཆེ་ཤོས་ནི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ཆགས་ཡོད། ༢༠༢༣ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ཆེད་ལས་མཁས་པ་གསུམ་གྱིས། བོད་ཕྲུག་ས་ཡ་གཅིག་ཙམ་ལ་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ཀྱི་ཤུགས་རྐྱེན་ཐེབས་བཞིན་པའི་སེམས་འཚབ་གནང་ཡོད།
དེའི་ནང་བོད་ཕྲུག་ཚོར་གཙོ་བོ་རྒྱ་སྐད་ཐོག་སློབ་ཁྲིད་བྱས་པ་དང་། སློབ་དེབ་ཀྱི་ནང་དོན་ཡང་རྒྱ་མི་རིགས་ཀྱི་རིག་གཞུང་ལ་གཙོ་བོར་གཞི་བཞག་པ། ཕ་མ་དང་ཁ་བྲལ་བའི་ཁོར་ཡུག་བཅས་ཀྱིས་བོད་ཕྲུག་ཚོའི་སྐད་ཡིག་དང་རིག་གཞུང་གི་ངོ་བོར་ཉེན་ཁ་ཡོད་པ་ཆེད་ལས་མཁས་པ་ཚོས་བརྗོད་ཡོད།
གཞན་ཡང་རྒྱ་ནག་དབུས་གཞུང་གི་ ༢༠༢༥ ལོའི་གྲངས་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་འོས་འགན་སློབ་གསོའི་སློབ་མ་བརྒྱ་ཆ་ ༦༠ ལྷག་བཅའ་སྡོད་སློབ་མ་ཡིན་པ་དང་། ཞིང་འབྲོག་ཁུལ་དུ་བརྒྱ་ཆ་ ༨༠ ལྷག་ཟིན་ཡོད་འདུག
རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭ་ནི་ས་ཁོངས་རྒྱ་ཆེ་ཞིང་མི་འབོར་ཁ་ཐོར་གྱི་ས་གནས་སུ་བྱིས་པར་སློབ་གསོ་སྤྲོད་པའི་ཐབས་ལམ་ཡིན་པ་དང་། ཕ་མ་ཚོར་ཕྲུ་གུ་དང་ཐུག་འཕྲད་ཀྱི་གོ་སྐབས་ཡོད་པ། བོད་སྐད་དང་རིག་གཞུང་ཡང་སློབ་ཁྲིད་བྱེད་ཀྱི་ཡོད་པ་བརྗོད་ཀྱི་ཡོད། འོན་ཀྱང་ལྷ་ས་གྲོང་ཁྱེར་ལ་མཚོན་ན། ཕ་མ་ཚོ་གྲོང་ཁྱེར་ནང་དུ་ཡོད་རུང་ཕྲུ་གུ་སློབ་གསོ་གྲོང་ཁྱེར་དུ་ཡོད་པའི་བཅའ་སྡོད་སློབ་གྲར་གཏོང་དགོས་ཀྱི་ཡོད་འདུག
སྤྱི་ཚོགས་དང་སློབ་གསོ་རིག་པའི་ཞིབ་འཇུག་གནང་མཁན་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་མཐར་གསུངས་པར། སློབ་གྲྭར་སྐྱོད་པའི་ཉིན་དང་པོ་ནས་བཟུང་སྟེ་ནང་མི་དང་འབྲེལ་བ་མེད་པའི་སྐད་དང་། ནང་མིས་ལག་ལེན་བྱེད་པའི་རིག་གཞུང་དང་འབྲེལ་བ་མེད་པའི་སློབ་དེབ་ཀྱི་ནང་དོན་སོགས་འདི་འདྲའི་ཁོར་ཡུག་གསར་པ་ཞིག་ནང་བཙན་པོས་བཅུག་བཞག་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་བྱིས་པའི་སློབ་གསོའི་གནད་དོན་འདི་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་གི་ཚད་གཞི་དང་བསྡུར་ན་གང་འདྲ་ཡོད་དམ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་ཆིངས་ཡིག་གི་དོན་ཚན་ ༢༩ པའི་ནང་སློབ་གསོས་བྱིས་པའི་རང་ཉིད་ཀྱི་སྐད་ཡིག་དང་། རིག་གཞུང་། ཕ་མ། རིན་ཐང་བཅས་ལ་བརྩི་འཇོག་ཐོག་གསོ་སྐྱོང་དགོས་པ་གསལ་ཡོད། དོན་ཚན་ ༣༠ པའི་ནང་གྲངས་ཉུང་མི་རིགས་ཀྱི་བྱིས་པར་རང་གི་རིག་གཞུང་ལ་རོལ་ཆོག་པ་དང་། རང་གི་སྐད་ཡིག་བེད་སྤྱོད། རང་གི་ཆོས་ལུགས་ལག་ལེན་བཅས་ཀྱི་ཐོབ་ཐང་ཡོད་པ་གསལ་ཡོད།
དེར་བརྟེན་བོད་ཕྲུག་ཚོར་སློབ་གྲྭའི་ནང་ཤེས་ཡོན་ཐོབ་པ་དང་མཉམ་དུ། རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་ཡོད་མེད་ནི་གནད་དོན་གལ་ཆེན་པོ་ཞིག་ཆགས་ཡོད།
བྱིས་པར་སློབ་གསོ་ཐོབ་རྒྱུ་ནི་གཞི་རྩའི་ཐོབ་ཐང་ཞིག་རེད། འོན་ཀྱང་སློབ་གསོ་དེས་ཁོང་ཚོའི་ངོ་བོ་དང་སྐད་ཡིག རིག་གཞུང་བཅས་ལའང་བརྩི་འཇོག་བྱེད་དགོས་ཀྱི་ཡོད།
བྱས་ན་ད་ལྟ་བོད་ཕྲུག་ཚོར་སྤེལ་བཞིན་པའི་སློབ་གསོ་དེས་ཁོང་ཚོའི་མ་འོངས་པའི་གོ་སྐབས་རྒྱ་ཆེ་རུ་འགྲོ་བཞིན་ཡོད་དམ། ཡང་ན་རང་གི་སྐད་ཡིག་དང་རིག་གཞུང་ལས་རྒྱང་ཐག་རིང་དུ་འགྲོ་བཞིན་ཡོད།།
