༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཐུན་མོང་གསལ་བསྒྲགས།

2023.12.04
༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཐུན་མོང་གསལ་བསྒྲགས། ཕྱི་ཟླ་༡༢་པའི་ཚེས་ ༤ ཉིན་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་དང། ་མཐའ་ཡས་རྡོ་རྗེ་རྣམ་གཉིས་ཀྱིས་ཟུང་སྦྲེལ་གྱི་ཐོག་ནས་༧ཀུན་གཟིགས་ཞཱ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཐོུང་གི་གསལ་བསྒྲགས་ཤིག་སྤེལ་གནང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ནོར་སྒྲོན།

ཕྱི་ཟླ་༡༢་པའི་ཚེས་ ༤ ཉིན་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་དང་། ་མཐའ་ཡས་རྡོ་རྗེས་རྣམ་གཉིས་ཀྱིས་ཟུང་སྦྲེལ་གྱི་ཐོག་ནས་༧ཀུན་གཟིགས་ཞཱ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཐོུང་གི་གསལ་བསྒྲགས་ཤིག་སྤེལ་གནང་འདུག དེའི་སྐོར་ནས་མཇལ་མོལ་གནང་ཡུལ་ས་ཚིགས་ཁ་གསལ་བཀོད་མི་འདུག་ལ། འབྲེལ་ཡོད་མི་སྣ་ཞིག་ལ་བཀའ་འདྲི་ཞུས་དུས་མཁྱེན་རྟོགས་མེད་ཅེས་ལན་འདེབས་གནང་ཡོད།
རྒྱལ་བ་ཀརྨ་པ་རྣམ་གཉིས་ཀྱིས་སྤེལ་བའི་གསལ་བསྒྲགས་དེའི་ནང་། ཞྭ་དམར་ན་རིམ་གྱི་མཛད་པ་ཕྱག་རྗེས་དང་། ༧རྒྱལ་མཆོག་བཅུ་དྲུག་པས་སླར་ཡང་ངོས་འཛིན་གནང་ཚུལ་སོགས་ཕྱོགས་གང་ནས་བལྟས་ཀྱང་༧རྗེ་ཞྭ་དམར་པའི་ཡང་སྲིད་མུ་མཐུད་ངོས་འཛིན་ཞུ་རྒྱུ་དེ་ང་ཚོའི་འོས་འགན་ཞིག་ཏུ་མཐོང་ལ། དེའང་འཁྲུལ་པ་མེད་པ་དང་། རྩོད་པ་དང་བྲལ་བ་ཞིག་ངོས་འཛིན་ཐུབ་ཚེ་ཀཾ་ཚང་ཆིག་སྒྲིལ་ཡོང་བ་ལའང་ཕན་རླབས་ཅི་ཆེ་ཡོང་རྒྱུར་བརྟེན་ངེད་གཉིས་ཀྱིས་རང་སྐལ་དུ་བབས་པའི་འགན་འཁྲི་དེ་ཉིད་ཕྲག་ཏུ་བླངས་ནས་དཀའ་ངལ་དུ་མ་ཁྱད་བསད་ཀྱིས་ཕན་ཚུན་མཇལ་འཕྲད་ཐེངས་འགའ་བྱས་ཤིང་། ལྷག་བསམ་ཆེར་བསྐྱེད་ཀྱིས་གྲོས་བསྡུར་གཟབ་ནན་གནང་འབྲས་གཉིས་མོས་གྲོས་ཆོད་བྱུང་གནང་ཡོད་པ་གསུངས་འདུག
དེ་ཡང་གྲོས་ཆོད་དོན་ཚན་དང་པོ་ནི། ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་རྒྱལ་བ་ཀརྨ་པ་རྣམ་གཉིས་ཐུན་མོང་གིས་ཞུ་རྒྱུ་ལས་ཁག་ཁག་སོ་སོ་ནས་གནང་རྒྱུ་མིན་པ་དང་།
དོན་ཚན་གཉིས་པ། ཞྭ་དམར་རིན་པོ་ཆེའི་ཡང་སྲིད་དེ་ཉིད་མཚན་དོན་མཚུངས་པ་ཞིག་ཡོང་བའི་དོན་དུ་བསླབ་པ་སློབ་གཉེར་དང་། དབང་ལུང་མན་ངག་འབུལ་རྒྱུ་སོགས་ཀྱི་འགན་ཀྱང་རྒྱལ་བ་ཀརྨ་པ་རྣམ་གཉིས་ཐུན་མོང་ནས་བཞེས་རྒྱུ། དོན་ཚན་གསུམ་པ། ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་ནི་ཀཾ་ཚང་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས། དེ་ལ་འབྲེལ་མེད་སུས་ཐེ་ཇུས་གནང་ཀྱང་ངོས་ལེན་གནང་རྒྱུ་མིན་པ་དང་། ཀརྨ་ཀ་ཚང་རྣམས་བླ་མ་གཅིག་གི་སློབ་མ་དང་། ཆོས་བརྒྱུད་གཅིག་གི་སྤུན་གྲོགས་ཡིན་པ་བཞིན་ཕན་ཚུན་ཆགས་སྡང་དང་རྩོད་པ་མེད་པར་ཐམས་ཆད་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་ཤིང་མཐུན་ལམ་གལ་ཆེར་མངོན་དགོས་པ་དགོངས་འཇག་གནང་རོགས་ཞེས་འཁོད་ཡོད་འདུག
གསར་འགོད་པ། དབྱངས་སྒྲོལ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་བལ་ཡུལ་ནང་སེར་སྐྱ་མི་མང་ཁྲི་ཚོ་བརྒལ་བར་ཆོས་འབྲེལ་བཀྲིན་བསྐྱངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་པོ་སྟོད་ཁུལ་གྱི་དགེ་འདུན་པ་དང་མང་ཚོགས་འཛིན་བཟུང་བྱས་པ་ཁག་ལ་འདྲི་རྩད་བྱེད་འགོ་བཙུགས་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎