ན་གཞོན་ཤེས་ཡོན་པ་བློ་གྲོས་ལགས་སུ་ལོ་བཞི་དང་ཟླ་བ་ལྔའི་བཙོན་མཇུག་ཁྲིམས་ཐག་བཅད་འདུག

2022.06.19
Share on WhatsApp
Share on WhatsApp
ན་གཞོན་ཤེས་ཡོན་པ་བློ་གྲོས་ལགས་སུ་ལོ་བཞི་དང་ཟླ་བ་ལྔའི་བཙོན་མཇུག་ཁྲིམས་ཐག་བཅད་འདུག ན་གཞོན་ཤེས་ཡོན་པ་བློ་གྲོས་ལགས། ཟླ་ཚེས་མི་གསལ།
RFA/བོད་འབྱོར།

དེ་རིང་བསྐྱར་དུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་རྫ་སེལ་ཤུལ་རྫོང་ནས་ཡིན་པའི་བོད་མི་ན་གཞོན་ཤེས་ཡོན་པ་བློ་གྲོས་ལགས་ནས། ཁོང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་ནང་གི་དངོས་ཡོད་གནས་ཚུལ་དང་འབྲེལ་བའི་རྩོམ་ཡིག་བྲིས་རྐྱེན། སྔར་ལོའི་ཕྱི་ཟླ་༡༠པའི་ཟླ་མཇུག་ཙམ་ནང་འཛིན་བཟུང་གིས། འདི་ལོའི་ཕྱི་ཟླ༦པའི་ཚེས་༡༣དང་༡༤ཉིན་གང་རུང་ཞིག་ལ་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་ཟེར་བའི་ཉེས་མིང་འོག་ལོ་བཞི་དང་ཟླ་བ་ལྔའི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལྟའི་ཆར་བཙོན་ཁང་གང་དུ་ཡོད་ཤེས་རྟོགས་མེད་སྐོར། བོད་ནང་གི་ཁོང་གི་འབྲེལ་ཡོད་གྲོགས་པོ་ཞིག་ནས་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། བློ་གྲོས་ལགས་ནས་དེ་སྔ་ཁོང་གི་སྤྱི་ཚོགས་དྲ་ལམ་ཝེ་པོ་དང་གླེང་མོལ་ཞེས་པ་སོགས་སུ་བོད་ནང་གི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་དང་འབྲེལ་བའི་རྩོམ་ཡིག་མང་པོ་བྲིས་ཡོད་པ་དང་། རྒྱ་ནག་ཉེན་རྟོག་པས་ཁོང་ལ་ཐེངས་ཤིག་རྩོམ་ཡིག་གང་བྱུང་བྲིས་མི་ཆོག་པའི་ཉེན་བརྡ་བཏང་ཡོད་ན་ཡང་། ཁོང་གིས་གནད་དོན་དེ་རིགས་ལ་ཉན་འཇོག་གནང་མེད་པར། མུ་མཐུད་སྤྱི་ཚོགས་དཔྱད་བརྗོད་རྩོམ་ཡིག་དང་། རྒྱ་ཡིག་དང་དབྱིན་ཡིག་སོགས་ནས་གནས་ཚུལ་མང་པོ་བོད་བསྒྱུར་གནང་བས། རྒྱ་ནག་གཞུང་གིས་ཁོང་གི་རྩོམ་ཡིག་ཁག་ལ་ཆབ་སྲིད་ཀྱི་གནད་དོན་ཡོད་སྐོར་བརྗོད་ནས་འཛིན་བཟུང་བྱས་ཡོད་སྐོར་བརྗོད་བྱུང་།

བློ་གྲོས་ལགས་ནས་དེ་སྔ་སློབ་མཐར་ཕྱིན་རྗེས་ཡུལ་དེའི་དགེ་མིང་སློབ་གྲྭར་ལོ་ཤས་རིང་དགེ་རྒན་གྱི་ལས་གཉེར་དང་། རྗེས་སུ་སྲིད་གཞུང་གི་ལས་ཀ་བྱས་ཡོད་ན་ཡང་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་བྲིས་སྐོར་བརྗོད་ནས་རྒྱ་ནག་གཞུང་གིས་ཁོང་གི་ཟླ་ཕོག་ཇེ་ཉུང་དུ་གཏོང་བ་སོགས་བྱས་ཡོད་ཀྱང་། ཁོང་གིས་ལས་གནས་དེ་གཡུགས་ནས་མུ་མཐུད་བོད་ནང་གི་སྤྱི་ཚོགས་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་བྲིས་ཡོད་པ་དང་། འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བློ་གྲོས་ལགས་ཀྱི་སྤྱི་ཚོགས་དྲ་ལམ་ཚང་མ་སྒོ་བརྒྱབ་སྟེ་གནས་ཚུལ་ཚང་མ་ནག་བསུབ་བཏང་ཡོད་སྐོར་བརྗོད་བྱུང་།

བློ་གྲོས་ལགས་ནི་འདི་ལོ་ལོ་ན་༣༠ལྷག་དང་སི་ཁྲོན་ཞིང་ཆེན་གྱི་པཎ་ཆེན་རིན་པོ་ཆེས་བཙུགས་པའི་སློབ་གྲྭ་ཞིག་ཏུ་སློབ་མཐར་སོན་ཡོད་པ་དང་། ཁོང་འཛིན་བཟུང་རྗེས་རྒྱ་ནག་གཞུང་གིས་ཁོང་གི་ནང་མིར་བློ་གྲོས་སྐོར་ནས་གླེང་སློང་བྱེད་མི་ཆོག་པའི་གནོན་ཤུགས་དང་། ཁོང་གི་བུ་ཕྲུག་གཉིས་སློབ་གྲྭར་ཡོང་མ་བཅུག་པར་ནང་དུ་ཉར་དགོས་སོགས་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎