ཆབ་སྲིད་བཙོན་པ་ཨ་ཀྱཱ་ཀྱཱ་ལགས་བཙོན་གྲོལ་ཐོབ་འདུག

2020-12-19
Share
ཆབ་སྲིད་བཙོན་པ་ཨ་ཀྱཱ་ཀྱཱ་ལགས་བཙོན་གྲོལ་ཐོབ་འདུག ཆབ་སྲིད་བཙོན་པ་ཨ་ཀྱཱ་ཀྱཱ་ལགས།
མཐུན་འགྱུར་པར་རིས།

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༦ལོར་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་སྐུའི་གྱ་སྟོན་གོ་སྒྲིག་རྒྱ་ཆེར་གནང་བ་སོགས་ལ་ཉེས་འཛུགས་ཀྱིས། འཛིན་བཟུང་བརྒྱུད་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་གྱི་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་ལྔ་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་མདོ་སྨད་རྔ་བ་རྫོང་གི་རྨེའུ་རུ་མའི་བོད་མི་ཨ་ཀྱཱ་ཀྱཱ་ལགས་བཙོན་འཇུག་དུས་ཡུན་གྱི་ཁྲིམས་ཁ་བཀངས་ནས་སྤྱི་ཟླ་༡༢པའི་ཚེས་༡༠ཉིན་མོར་གློད་བཀྲོལ་ཐོབ་ཡོད་པ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་སུ་བོད་ནས་ཁུངས་ལྡན་ལྡན་གནས་ཚུལ་འབྱོར་པ་ངོ་སྤྲོད་གནང་ཡོད།

ཆབ་སྲིད་བཙོན་པ་ཨ་ཀྱཱ་ཀྱཱ་ལགས་དང་ལྷན་དུ་ལོ་དེར་རྔ་བ་ནས་ཡིན་པ་བོད་མི་གཞན་དགུ་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རྣམས་ད་དུང་ཡང་བཙོན་གྲོལ་ཐོབ་མེད་པ་དང་། སྐབས་དེར་འཛིན་བཟུང་གི་གྲྭ་འབྲུག་སྒྲ་ལྟ་བུ་ནི་ཁྲིམས་ཐག་མ་བཅད་པའི་ལོ་གཅིག་གོང་ནས་འཛིན་བཟུང་བྱས་ཡོད་པ་དང་། ཨ་ཀྱཱ་ཀྱཱ་ལགས་ཁྲིམས་ཐག་མ་བཅད་པའི་ཟླ་༥གོང་ནས་འཛིན་བཟུང་བྱས་ཡོད་སྟབས། ཨ་ཀྱཱ་ཀྱཱ་ལགས་ཁྱོན་ལོ་༦མ་ཟིན་ཙམ་བཙོན་འཇུག་བྱས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་པ་མ་ཟད།

 ཨ་ཀྱཱ་ཀྱཱ་ལགས་ནི་ཕྱི་ལོ་༢༠༡༡ལོར་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རང་ལུར་མེར་སྲེག་གནང་སྐབས། ངོ་རྒོལ་སྐད་འབོད་གནང་བའི་རྐྱེན་གྱིས་འཛིན་བཟུང་གིས་ལོ་གསུམ་ལྷག་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་ཡང་འགྲེལ་བརྗོད་གནང་གི་འདུག

 ༢༠༡༦ལོར་རང་ལོ་༤༠ཡས་མས་ཡིན་པའི་ཆབ་སྲིད་བཙོན་ཟུར་ཨ་ཀྱཱ་ཀྱཱ་ལགས་དང་ལྷན་དུ་ཁྱོན་བསྡོམས་བོད་མི་༡༠ལ་རྔ་བ་རང་སྐྱོང་ཁུལ་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ལོ་༥ནས་༡༤བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ཚོ་རྔ་བ་ཀིརྟི་དགོན་པའི་གྲྭ་འབྲུག་སྒྲ་ལ་ལོ་༡༤ དང་། བློ་གྲོས་ལ་ལོ་༩ བཟང་དགེ་འཕེལ་ལ་ལོ་༡༢དང་། བློ་བཟང་མཁས་གྲུབ་ལ་ལོ་༡༣ ། དེ་བཞིན་སྤྲོ་ཚིགས་ཚུལ་ཁྲིམས་ལ་ལོ་༦བོན་ཁོ་སྐྱིད་ལ་ལོ་༧ཚུལ་ཏེའམ་ཚུལ་ཁྲིམས་ལ་ལོ་༥། ཏཱ་རེ་སྐྱིད་ལ་ལོ་༨ བཅས་ཀྱི་བཙོན་ཐག་བཅད་ཡོད་པ་དང་། ཁོ་ཚོ་དེ་སྔོན་ཕྱི་ལོ་༢༠༠༨དང་ཕྱི་ལོ་༢༠༡༡སོགས་སུ་རྔ་བའི་ནང་སྐད་འབོད་ངོ་རྒོལ་དང་རང་ལུས་མེར་སྲེག་གི་དོན་རྐྱེན་དང་འབྲེལ་འདྲིས་ཡོད་པའི་ཉེས་མིང་འོག་བཙོན་འཇུག་བྱས་མྱོང་བ་ཤ་སྟག་ཡིན་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།