རྒྱ་ནག་གཞུང་གིས་བུད་མེད་ཀྱི་མངལ་ནས་ཕྲུ་གུ་འདོན་རྒྱུ་ཉུང་དུ་གཏོང་ཐབས་བྱེད་འཆར་འདུག

2021-09-28
Share
རྒྱ་ནག་གཞུང་གིས་བུད་མེད་ཀྱི་མངལ་ནས་ཕྲུ་གུ་འདོན་རྒྱུ་ཉུང་དུ་གཏོང་ཐབས་བྱེད་འཆར་འདུག རྒྱ་ནག་པེ་ཅིང་ནང་གི་སྨན་ཁང་ཞི་ག་གི་ནང་། ༢༠༡༦
AFP

རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འདི་ཚེས་༢༧་གཟའ་ཟླ་བའི་ཉིན། རྒྱ་ནག་ནང་ཕྲུ་གུ་མངལ་ནས་འདོན་རྒྱུ་ཉུང་དུ་གཏོང་རྒྱུ་མ་ཟད། འདོད་མོས་མེད་པའི་འོག་ཕྲུ་གུ་འཁོར་བའི་གནས་སྟངས་ལ་སྟངས་འཛིན་ཐུབ་ཐབས་བྱས་ནས། སྐྱེས་པ་ཚོས་ཀྱང་གློ་བུར་ཕྲུ་གུ་འཁོར་བའི་བུད་མེད་སྦྲུམ་མ་ཚོར་རོགས་རམ་བྱ་དགོས་རྒྱུའི་སྐུལ་མ་བྱས་ནས། ཕྲུ་གུ་མངལ་ནས་ཤོར་བ་དང་ཕྲུ་གུ་སྐྱེས་པའི་རྗེས་འཆར་ལྡན་བུ་བཙའི་ཞབས་ཞུའི་ལས་དོན་སྤེལ་རྒྱུ་ཡིན་ལུགས་སོགས་ཀྱི་ལམ་སྟོན་གསར་པ་ཁག་ཅིག་བཏོན་འདུག
རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་དང་ཕྲུ་གུའི་ལས་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཧོང་ཞའོ་འོད་ཀྱིས་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཁབ་ཀྱི་སྲིད་བྱུས་དང་། དེ་བཞིན་ཕྲུ་གུ་སྐྱེས་འཕེལ་གྱི་ལས་དོན་སྔོན་ལ་འཛིན་དགོས་པའི་སྲིད་བྱུས་རྣམས་ལག་བསྟར་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག རྒྱ་ནག་གཞུང་གིས་བུད་མེད་ཀྱི་མངལ་དུ་ཕྲུ་གུ་ཡོད་པའི་སྐབས་ཕོ་མོ་དབྱེ་འབྱེད་ཀྱིས་མངལ་ནས་བཏོན་གྱི་ཡོད་པའི་བྱ་སྤྱོད་རྣམས་འགོག་རྒྱུའི་ཐབས་ལམ་བཏོན་ཡོད་པ་དང་། དུས་ཡུན་རིང་པོའི་རིང་རྒྱ་ནག་གཞུང་གིས་རྒྱ་ནག་གི་མི་འབོར་སྟངས་འཛིན་ཐུབ་རྒྱུའི་ཆེད་འཆར་ལྡན་བུ་བཙའི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་རེད།
ད་རེས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ལམ་སྟོན་དེ་བཞིན་རྒྱ་ནག་ནང་ཕྲུ་གུ་སྐྱེས་འཕེལ་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་སེལ་ཐབས་ཆེད་ཡིན་མིན་ཁ་གསལ་འགྲེལ་བརྗོད་བྱས་མེད་ན་ཡང་། རྒྱ་ནག་གི་གནད་དོན་ཐད་ཉམས་ཞིབ་བྱེད་མཁན་ཚོས། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ལམ་སྟོན་དེ་བཞིན་མ་འོངས་ལོ་ངོ་བཅུའི་ནང་ཚུད་རྒྱ་ནག་གི་སྤྱི་ཚོགས་སྲིད་བྱུས་གཙོ་བོ་ཞིག་ཆགས་རྒྱུ་ཡིན་པའི་སྐོར་དབྱེ་ཞིབ་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གི་མི་འབོར་དེ་བཞིན་ད་དུང་ཡང་འཛམ་གླིང་ནང་མང་ཤོས་ཡིན་ཡང་ཕྱི་ལོ་༢༠༡༡་ནས་ཕྱི་ལོ་༢༠༢༠་བར་མི་འབོར་ཞིབ་བཤེར་བྱས་པའི་ནང་། རྒྱ་ནག་གི་མི་འབོར་འཕེལ་ཚད་ཕྱི་ལོ་༡༩༥༠་འི་ནང་ནས་ཉུང་ཤོས་ཆགས་ཡོད་པ་གསལ་ཡོད།
ཉེ་ལམ་ཕྱི་ཟླ་དྲུག་པའི་ནང་རྒྱ་ནག་གཞུང་གིས་རྒྱ་ནག་གི་མི་སེར་ཚོར་ཕྲུ་གུ་གསུམ་པ་སྐྱེས་ཆོག་པའི་ཐོབ་ཐང་སྤྲད་ཡོད་པ་མ་ཟད། དུས་མཚུངས་ཕྲུ་གུ་གསུམ་པ་སྐྱེས་པའི་རྗེས་ཁྱིམ་ཚང་གི་དཔལ་འབྱོར་གནས་སྟངས་དཀའ་ངལ་སེལ་རྒྱུར་སྲིད་གཞུང་གིས་རོགས་རམ་བྱེད་རྒྱུའི་སྲིད་བྱུས་ཤིག་ཡང་བཏོན་ཡོད་པ་རེད།

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།